ངས་འདི་ལྟར་འབད་པ་ཡིན།

ཚེ་སྐྱིད་སྒྲོལ་མ།        2018-11-19

     ང་རང་ནི་བརྩེ་བའི་རུ་མ་འཁྱིལ་སའི་ཕ་ཁྱིམ་དྲོན་མོ་དང་ཁ་གྱེས་ནས་ཏག་ཏག་ཉིན་ཞག་ཞེ་ལྔ་ཙམ་འགོར་སོང་། ཉིན་འདི་དག་གི་རིང་ལ་ངས་མི་ཡུལ་ས་མཐའི་སློབ་གླིང་འདི་ནས་ཤེས་རིག་གི་འབྲས་བུ་རྡོག་པོ་དེ་འཚོལ་བཞིན་ཡོད།ད་ལོ་ནི་ནམ་རྒྱུན་དང་མི་འདྲ་བར་ང་ཚོའི་སློབ་གྲྭ་ལ་ཉིན་བཅོ་ལྔའི་གུང་གསེང་མ་གཏོགས་མེད། རྒྱུ་མཚན་ད་ལོར་ང་ཚོའི་སློབ་གྲྭའི་སློབ་མ་ཐམས་ཅད་ཁུལ་ནང་གི་བྱ་འགུལ་ཆེན་པོ་ཞིག་ལ་འཁྲབ་སྟོན་བྱེད་དུ་འགྲོ་དགོས་པས་ཡིན། སློབ་གྲྭའི་བཀོད་བསྒྲིགས་ལྟར་སློབ་མ་ཚོ་ཡང་ཕྱོགས་བཞི་མཚམས་བརྒྱད་ནས་སློབ་གླིང་འདིར་འཛོམས་སོང་། འཛིན་བདག་དགེ་རྒན་གྱིས་བཤད་པ་ལྟར་ན་ང་ཚོ་དགེ་འོས་ཚན་ཁག་གི་བུ་མོ་ཚོ་ཐེངས་འདིར་འཁྲབ་སྟོན་དུ་ཞུགས་མི་དགོས་པར་སློབ་གྲྭ་ནས་སློབ་སྦྱོང་བྱ་དགོས་པའི་གནས་ཚུལ་དག་གླེང་མ་ཐག་དབེན་འཇགས་ཀྱིས་ཁེངས་པའི་སློབ་ཁང་ནི་སྐད་ཅིག་ཙམ་གྱིས་བྱ་ཚང་ནང་ལ་རྡོ་འཕང་པ་ལྟར་འུར་ཟིང་གིས་ཁེངས། དགེ་རྒན་གྱིས་ང་ཚོ་ལ་འུར་སྒྲ་མ་རྒྱག་འདི་ནི་སློབ་གྲྭའི་བཀོད་བསྒྲིགས་ཡིན་པས་ངེས་པར་དུ་དང་ལེན་བྱ་དགོས་ཞེས་ཟེར། སྐབས་དེར་ངའི་ཉེ་འགྲམ་གྱི་བུ་མོ་གང་མང་ཞིག་གིས་སྐད་མགོ་དམའ་མོས་ངང་ནས་འཁང་ར་བྱེད་མགོ་བརྩམས། ཡིན་ནའང་ང་རང་ལ་མཚོན་ན་དེ་ལས་ལྡོག་སྟེ་སྤྲོ་སྣང་ཉུང་ཙམ་སྐྱེས་བྱུང། རྒྱུ་མཚན་ཐེངས་འདིའི་སློབ་སྐབས་དེ་ང་ལ་མཚོན་ན་ཤིན་ཏུ་གལ་ཆེ། རྒྱུགས་གཞི་གང་མང་མང་ཞིག་གིས་ང་རང་ལ་རེ་སྒུག་བྱས་ཡོད་པར་མ་ཟད། ངས་ཀྱང་རང་ཉིད་ཀྱི་སྟེགས་བུ་གང་མང་ཞིག་ལ་འགྲིམ་པའི་འཆར་གཞི་ཡང་མི་ཉུང་བ་ཞིག་གཞག་དགོས་པས།ངས་ཐེངས་འདིའི་གོ་སྐབས་བེད་སྤྱད་དེ་སེམས་ལྷོད་ལ་ཕབ་སྟེ་བསྐྱར་སྦྱོང་ལེགས་པོ་ཞིག་བྱ་ཆོག་སྙམ། ནངས་སྔ་མོའི་སློབ་གྲྭའི་མལ་ལས་དཀྲོགས་པའི་དྲིལ་སྒྲ་ནི་ང་ལ་མཚོན་ན་ཅི་འདྲ་སྙན་འཇེབས་ལྡན་ལ།ངའི་ཕུགས་བསམ་གྱི་ས་བོན་དེ་དྲིལ་སྒྲ་འདི་དང་མཉམ་པོར་སློབ་རའི་གྲུ་ག་རེ་རེར་འདེབས་མགོ་བརྩམས། སྐྱ་རེངས་ཀྱི་སྐར་ཆེན་དང་སློབ་གྲྭའི་སྒོ་འགྲམ་གྱི་གློག་སྒྲོན་དེ་གཉིས་ནི་ངའི་ཆེས་བློས་ཐུབ་ཀྱི་གྲོགས་སུ་གྱུར།ཉིན་གུང་དྲོད་ལམ་ལམ་གྱི་ཉི་འོད་སློབ་ཁང་གི་སྒེའུ་ཁུང་བརྡོལ་ནས་ངའི་གྲུ་བཞི་ནར་མོ་དབྱིབས་ཅན་གྱི་ཅོག་ཙེ་སྟེང་དུ་ཤར་ཚེ་ངས་རྒྱུགས་ཤོག་གི་ཤོག་ལྷེབ་རེ་རེ་འབྲི་མགོ་བརྩམས།ལྷིང་འཇགས་དབེན་གནས་འདི་ན་ངའི་འདུག་རོགས་ནི་ཅོག་ཙེའི་གྲུ་སྣེ་ན་བཞད་པའི་ཇ་དམ་སྨུག་པོ་དེ་རེད། ཁུ་སིམ་གྱི་མཚན་མོ་ངས་ཁ་སང་བལྟས་མ་ཚར་བའི་སྒྲུང་དེབ་དེའི་ཁ་ཕྱེ་ནས་ཀློག་མགོ་བརྩམས།

     ངས་དྲིན་ཕ་མས་ང་ལ་བཅངས་བའི་རེ་བ་གསོན་པོ་དེ་སྟོང་ཟད་དུ་མི་གཏོང་བའི་ཆེད་འབད་པ་ཡིན།ངས་བྱམས་ལྡན་དགེ་རྒན་གྱིས་འབད་པ་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་དུ་རྒྱུན་སྐྱོང་བྱེད་པ་ཡིན།ངས་རང་གི་མི་ཚེ་འདིར་དོན་སྙིང་ཡོད་པའི་ཆེད་དུ་འབད་མགོ་བརྩམས་པ་ཡིན།


  • ལེ་ཚན་སྔོན་མ།:རྣམ་ཤེས།
  • ལེ་ཚན་རྗེས་མ།:སྒེའུ་ཁུང་ཕྱི་རོལ་གྱི་ཕྱེ་མ་ལེབ།