གྲོང་ཁྱེར་ནས་ཕ་ཡུལ་དྲན་པ།

མིག་གསུམ་པ།        2018-11-15

   ཁེར་རྐྱང་གི་འགྲུལ་བཞུད་ཐེངས་གཅིག་ལ། དགའ་སྐྱོའི་ཚོར་འདུ་རུམ་གང་འཁྱིལ་ཞིང་། ཡིག་ངག་གིས་མཚོན་པར་མི་འཕེར་བའི་སྙིང་གི་འཕར་ལྡིང་ཡང་མང་དུ་མཆིས། སེམས་འགྱུ་བུ་ཡུག་འཚུབ་པའི་ནགས་རྫོང་དུ། རང་ཡུལ་ལ་ཕྱོགས་པའི་འཁྲེང་ཞེན་ཁོ་ན་རྟག་ཅིང་བརྟན། བརྗིད་ཅིང་ཆགས། སུས་ཀྱང་བར་ཆད་མ་ཤོར་བའི་བརྩེ་དུང་གི་གཟི་བྱིན་འབར།

   མི་རྣམས་ལུས་ཀྱི་ཁོ་ལག་རྒྱས་ཤིང་སེམས་ཀྱི་བསམ་གཞིགས་རྒྱ་བསྐྱེད་དུ་ཕྱིན་པ་དང་བསྟུན། ཕ་ཡུལ་གྱི་ལུང་ཁུག་ཏུ་མི་ཤོང་བའི་ང་རྒྱལ་གྱིས། ཐག་རིང་ནས་ཐག་རིང་ཞིག་ཏུ་བསྐྱོད་དེ། ལས་ཀྱིས་ལྟེ་ཐག་བཅད་སའི་ཕ་ཡུལ་དང་རྒྱང་ནས་རྒྱང་དུ་བཀྱེད་སྲིད། ཡིན་ན་ཡང་། ཁོའི་དམར་པོའི་སེམས་ནི་སྐྱེས་ཙམ་ནས་ཕ་ཡུལ་གྱི་གདང་དུ་ཐོགས་པའི་བེའུ་སྙིང་རྗེ་མོ་དེ་ཡིན་པས། ལོ་ཟླ་དང་ཡུལ་ལུང་གི་བར་ཐག་ལས་ལྡོག་འགྲོས་ཀྱིས། ཕ་ཡུལ་གྱི་ཕྱོགས་སུ་ཉེར་ནས་ཉེ་རུ་བསྙེན་ངེས་ཏེ། དགའ་སྐྱོ་ཆགས་སྡང་ཅན་གྱི་མི་སེམས་ནི་ཕ་ཡུལ་གྱི་ལྷས་ར་།ནས་ནམ་ཡང་བརྒལ་བ་སྤོབས་པའི་ཕྱིར།

    གྲོང་ཁྱེར་གྱི་སུམ་མདོ་དང་ཁྲོམ་སྲང་གང་རུང་དུ། ངས་ཞོགས་ཟས་ཀྱི་ཚབ་ཏུ་འབྲས་ཁུ་ཕོར་བ་གང་དང་། སྦུས་ཤིང་སོབ་པའི་མོག་མོག་རླངས་ཚགས་གང་མཆིན་སྣོན་དུ་གསོལ་དུས། ཞིམ་བསུང་འཐུལ་ཞིང་རྩི་བཅུད་ལྡན་པའི་སྦྲང་དཀར་རྩམ་པ་དྲན། མངར་སྐྱུར་མེད་པའི་འབྲས་ཁུ་ཁོམ་གང་རེ་མཆོད་དུས། འོ་མར་གྱིས་བསྲུབས་པའི་དཀྲུགས་ཇ་ཡི་རོ་བཅུད་དྲན། ངས་གྲོང་ཁྱེར་གྱི་གུང་ཟས་དང་དགོང་ཟས་གསོལ་དུས་ཀྱང་། ཕ་ཡུལ་གྱི་གུང་ཟས་དང་དགོང་ཟས་ཀྱི་རོ་བཅུད་དྲན་ཡོང་། མི་ནི་ནམ་ཡང་རང་ཉིད་གོམས་ལོབས་ཕྱིན་པའི་འཚོ་བ་ཁོ་ནར་དགའ་ཨང་།

ཡིད་སེམས་ལྷོད་དུ་མི་གཏོང་བའི་གྲོང་ཁྱེར་གྱི་འུར་ཟིང་གིས། ཉིན་མཚན་རེས་སུ་བསྐོར་ཏེ་ཁོ་བོར་མནར་གཅོད་གཏོང་དུས། ངའི་མེ་ལོང་དུ་འཁྱིལ་བའི་རུ་སྡེ་ཁྲ་མོའི་ལྷིང་འཇགས་དྲན། ནངས་པར་བྱ་བྱེའུའི་ཀྱུ་ཀྱུར་གྱི་གླུ་དབྱངས་དྲན་ཞིང་། ལུག་ཁྱུད་ཀྱི་འབའ་སྒྲ་དང་འབྲི་མོའི་ངུར་སྒྲ རྟ་ཕོའི་འཚེར་སྒྲ་ཡང་དྲན་ལ། ཨ་མའི་བཞོ་དབྱངས་དང་བདག་གི་རྫི་གླུ་ཡང་དྲན་འཛིན་གྱི་ཡོལ་གོ་རུ་བདོ་ཡོང་། དེ་ནི་ཀྲུང་གོ་གླུ་སྐད་གསར་བའི་གར་སྟེགས་སྟེང་གི་གཞོན་ནུ་ཚོས་ཀྱང་དཔེ་ཟླ་མི་འོས།

    ཉིན་རྟག་པར་བྲེང་མི་ཆད་པར་མི་ཚོགས་ཀྱི་བྲེལ་འཚུབ་དང་། འཕྲུལ་འཁོར་གྱི་འུར་ཟིང་གིས། ཁོ་བོར་སུན་སྣང་གྱི་རྔམས་ཇེ་སྟུག་ཏུ་ཕྱིན་བཅུག ཤིན་ཏུ་དྭངས་གཙང་གི་མཁའ་དབུགས་དང་ཁོར་ཡུག་དབེན་པ་མྱུལ་ཏེ། གྲོང་ཁྱེར་མཐའ་མཚམས་ཀྱི་དེའུ་འབུར་གྱི་ཟོམ་དུ་འཛེགས་ཀྱང་། ཚ་རླབས་འདྲེན་པའི་ཐོལ་རླུང་གིས་ངའི་བཞིན་གྱི་དཀྱིལ་འཁོར་དུ་རེག་དུས། བསིལ་ཞིང་སྨན་བསུང་འཐིལ་བའི་ཕ་ཡུལ་གྱི་རླུང་བུ་དྲན། དུག་རླངས་འཐིབས་པའི་གྲོང་ཁྱེར་གྱི་ནམ་མཁའ། ངའི་མིག་མདུན་དུ་བཅར་ནས་ཟློས་གར་ནག་པོ་རེ་འཁྲབ་དུས། སྔོ་ཞིང་སངས་པའི་ཕ་ཡུལ་གྱི་དབྱིངས་ནས་རྒྱུ་བའི་སྤྲིན་དཀར་དྲན་ཡོང་། སྦྱངས་བྱུང་དང་འཛུགས་སྐྲུན་རིག་པ་དབུལ་བའི་ཕ་ཡུལ་ནི། གཟོད་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་གི་ཕྱུག་པོ་ཡིན།

    ངས་གསོ་དཔྱད་དང་སྲང་ཉུལ་གྱི་ཞོར་དུ། ཕྱི་འཚུལ་ལ་ཧ་ཅང་མཁས་པའི་གྲོང་ཁྱེར་མི་དང་འབྲེལ་འདྲེས་བྱེད་དུས། རང་བཞིན་དྲང་ཞིང་གཞུངས་རྒྱུད་རིང་བའི་ཕ་ཡུལ་གྱི་མི་ཚོགས་དྲན། ནམ་རྒྱུན་ལུང་ཁུག་གི་མི་ལ་གྲོང་ཁྱེར་གྱི་མིས་མགོ་སྐོར་ཐེབས་སླ། དེ་ནི་སྤྱང་རྟུལ་གྱི་ཁྱད་པ་མ་ཡིན་ཏེ། དྲང་འཁྱོག་གི་བར་ཐག་མ་ཡིན་ནམ།

    ཁྲོམ་གཟིགས་སྒང་ནས་གཙུག་ལག་ཁང་དུ་བསྐྱོད་པའི་ལམ་བར། རེ་དོགས་འཁྱིལ་བའི་མིག་ཟུང་འབྱེད་ཀྱིན། རྫུན་ཚིག་དང་མནའ་ཚིག་གྲངས་མེད་འདོར་བའི་ལྟག་དཀྲིས་ཅན་དང་ལྟག་དཀྲིས་མེད་པའི་ཚོང་འདུས་མགྲོན་པོ་རྣམས་མཐོང་དུས། ངས་གཉུག་གཤིས་ལ་ལྷད་མ་ཤོར་བའི་ཕ་ཡུལ་གྱི་སྟག་ཤར་ར་དེ་ཚོ་དྲན། རྫོང་རྒྱབ་ཀླུ་ཁང་ནས་སྐོར་བྲོ་དང་ཤོ་བག་གིས་ཉི་མ་བསྐྱལ་བའི་མི་ཁྱུ་རྣམས་མཐོང་དུས། དུས་བཞིར་གོ་རིམ་ལྡན་པའི་ཕ་ཡུལ་རོང་འབྲོག་གི་བྱ་བཞག་དྲན་ཡོང་ལ། ལས་བྱ་དང་འབྲེལ་བའི་གཞོན་ནུ་ཕོ་མོའི་གླུ་གཞས་ཀྱང་དྲན། ནུབ་ཕྱོགས་སྒྱུར་འཕྲུལ་སློབ་གསོ་ཆ་མི་འཚལ་བའི་ལུང་ཁུག་གི་མེས་པོ་ལ། ཤར་ཕྱོགས་ཀུན་སྤྱོད་རིག་པའི་བསླབ་བྱ་གཞི་ལམ་འབྲས་གསུམ་ཚང་ལ་མ་ནོར་བ་ཡོད་ཨང་།

    ཡུན་རིང་སྙིང་ལ་བརྣག་པའི་གནའ་མཁར་དང་དགོན་གྲོང་མཇལ་དུས། གྲུ་ཟུར་དུ་ཕྲེང་དུ་སྟར་པའི་སྐུ་བརྙན་མ་གཏོགས། སྟོང་སང་སང་དང་འཇམ་ཐིང་ཐིང་གི་གནས་བབ་མཐོང་དུས། ངས་ཕ་ཡུལ་གྱི་དགོན་སྡེ་དྲན་ཞིང་། ནངས་ནུབ་གུང་གསུམ་ལ་བྲེང་མི་ཆད་པའི་ཆོས་དབྱངས་སིང་སིང་དྲན། ལྷག་ཏུ་སྨད་ཤམ་ཕུ་ཐུང་ཅན་མནབས་པའི་མགོ་རིལ་དང་། མཐོང་གོས་མཆོད་པའི་ཚོང་པ་རྒྱགས་པོ་དེ་ཚོ་མཇལ་དུས། རྟག་ཏུ་སྐུ་ལ་ཆོས་གོས་གསུམ་གྱིས་རྒྱན་པའི་ཕ་ཡུལ་གྱི་དགེ་འདུན་འདུས་པ་རྒྱ་མཚོ་དྲན། དུས་ཀྱི་འཕོ་འགྱུར་ནི་ཇི་འདྲའི་མི་བརྟན་པ་ཞིག་རེད།

ཞོགས་ཀར་མལ་ལས་ལངས་ཏེ་སྒེའུ་ཁུང་གི་ཕྱི་རུ་རྒྱང་བལྟ་རེ་བྱེད་སྐབས། གྲོང་ཁྱེར་གྱི་མཐའ་ནས་བསྐོར་བའི་དུས་བཞིར་སྐྱ་ལིང་ངེར་འགྲེང་པའི་རི་ཚོགས་མཐོང་ཡོང་། གློ་བུར་དུ་དབྱར་ལ་རྩྭ་དང་མེ་ཏོག་གིས་ཕྱུག་ཅིང་། དགུན་དུས་གངས་ཀྱིས་འཁྲིལ་བག་ཆགས་པའི་ཕ་ཡུལ་གྱི་རི་ཚོགས་དྲན། སྙིང་དུ་སྐྱོ་བས་བཙངས་ནས་མགོ་བོ་བྲང་དུ་སྒུར། སྟེས་དབང་གིས་འབག་བཙོག་གིས་ལྷད་པའི་གྲོང་ཁྱེར་ཆུ་བོ་མཐོང་། ལམ་སེང་དྭངས་ཤིང་གཙང་བའི་བསིལ་བསིལ་གྱི་ཕ་ཡུལ་གྱི་ཆུ་བོ་དྲན། བདག་ལ་མཚོན་ན། གྲོང་ཁྱེར་གྱི་མི་སྡུག་པ་རེ་རེ་ནི། ཕ་ཡུལ་གྱི་མཛེས་པར་ཕྱིར་དྲན་བྱེད་པའི་ཀུན་སློང་དུ་གྱུར།


  • ལེ་ཚན་སྔོན་མ།:ཇི་ཙམ་ཉེ་བར་བཏུད་ཀྱང་རྒྱང་དུ་བཀྱེད།
  • ལེ་ཚན་རྗེས་མ།:རྣམ་ཤེས།