ཇི་ཙམ་ཉེ་བར་བཏུད་ཀྱང་རྒྱང་དུ་བཀྱེད།

རྟག་བརྟན་འཇམ་དཔལ།        2018-11-08

   ཉིད་འོད་ནི་ཅི་འདྲའི་མཛེས་ཤིང་སྡུག་ལ་ཟླ་འོད་ཀྱང་བསིལ་ཞིང་འཇམ། སྐར་ཚོགས་དག་ནམ་མཁར་ཁྲ་ལམ་མེར་འཆར་བས། ངའི་སྣང་ངོར་ཉིན་མཚན་དེ་དག་ཅི་འདྲིའི་བཅོས་མིན་ཞིག་ཏུ་འདུག་ཨང་། ང་གྲྭ་ཤག་གི་ཕྱི་རོལ་དུ་བུད་དེ་དྭངས་གཙང་གི་གྲང་རླུང་དབང་པོ་དག་གིས་རྔུབས་ཐེངས་རེར། རང་བྱུང་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་དག་ལ་ངས་སྡིག་བཤགས་ཀྱི་མེ་ཏོག་ཅི་ལྟར་འབུལ་དགོས་སམ།

  ཞོགས་པའི་ཆུ་ཚོད་ལས་ཏིར་སྒྲ་གྲགས་ཤིང་ནམ་ལང་ལ་ཁད་དུ། འཁྱག་སིབ་སིབ་ཀྱི་གནམ་ངོ་སྐྱ་བོ་དེར་གཉིད་མ་འཐམ་འཐོམ་གྱི་འཛུམ་ཆུང་བསྟན་བཞིན་དཔེ་ར་ལག་པས་བཟུང་སྟེ་མདུན་ཕྱོགས་སུ་བསྐྱོད། ངའི་མདུན་ཕྱོགས་ནི་ཅི་འདྲའི་ཉམས་དགའ་ཞིང་རྒྱ་ཆེ་བ་ལ། སྙན་ཞིང་བརྗིད་པའི་ཆོས་ཁྲིད་ཀྱི་རོལ་དབྱངས་བར་ནས་ནག་ནོག་གི་ཡིག་འབྲུ་རེ་རེ་ལ་མཚན་རྟགས་བརྒྱབ་སྟེ་ངའི་མ་འོངས་པ་ལ་ཨ་བལྟས་ཡང་བལྟས་བྱས། རིགས་ལམ་གྱི་གྲི་ཁ་རྣོན་པོ་ཞིག་གི་མཐུ་འོག་ནས་ངའི་ཡི་དམ་ལ་གསོལ་བ་བཏབ་པ་གྲངས་ལས་འདས།

ལོ་ཟླ་དཔེ་ཆ་ལ་གཏིམ་པའི་གོ་རིམ་ཁྲོད་ངས་ང་རང་ཡང་ནས་ཡང་དུ་འཚོལ་བཞིན་ཡོད་མོད། ངས་ད་དུང་མ་རྙེད། ངས་སངས་རྒྱས་དང་བྱང་སེམས་ཀྱི་ལོ་རྒྱུས་ཐོས་ཤིང་ལམ་རིམ་གྱི་སྐས་འཛེག་གསལ་བོར་མཐོང་ནའང་། ངས་སུ་ཞིག་ལ་སྐྱོན་བརྗོད་དགོས་སྣང་ཤར་ཞིང་། མཚམས་རེ་སུ་

ཞིག་ལ་དགག་སྒྲུབ་ཀྱི་སྙིང་སྟོབས་ཡོད་མདོག་གིས་ཐལ་བ་སྤར་ར་གང་བླངས་ཏེ་ནམ་མཁར་བཏབ་པས་སྔོ་ལོ་ཕྱར།

   ངས་ཚིག་འབྲུ་རེ་རེ་ནས་གོ་བ་ལོན་ཞིང་དཔེ་བསྐྱེད་གང་ལ་གང་མཚམས་སུ་རྒྱས་བཞིན་པའི་སྒང་ངས་ང་རང་རླུང་བུ་ལྡོམ་པོ་བཞིན་བོར་ཤོར་བས། ང་རང་ལྷག་ཏུ་སྐྲག་སྣང་སྐྱེས་འོངས། ཀྱེ་མ། ང་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞིག་ཡིན་ཁུལ་གྱིས། འགྱིང་ངེར་བརྩེགས་པའི་པོ་ཏི་དེ་དག་ལ་དཔྱད་པ་བྱེད་བཞིན་མཆིས་མོད། དད་པའི་རྗེས་སུ་འབྲང་བ་དག་གི་ལུས་ཀྱི་བ་སྤུ་གཡོ་བའི་དད་པ་དང་མིག་ནས་མཆི་མ་ཕྲུག་པའི་དག་སྣང་གིས། ང་ནི་ཡལ་ག་སྔ་མ་བཏང་ནས་ཕྱི་མ་མ་གཟུང་བའི་གཡང་ལ་ཟགས་ལ་ཁད་ཀྱི་སྐྱེས་བུ་དེ་ཡིན་པར་རྟོགས་བྱུང་།

  ངས་སྦྱོང་བཞིན་པའི་དཔེ་ཆ་འདི་དག་ནི་རང་ཉིད་ཀྱི་ཚེ་འདི་ཙམ་མ་ཟད་ངས་ངོ་མི་ཤེས་པའི་ང་རང་གི་སྐྱེ་བ་ནས་སྐྱེ་བར་བརྒྱུད་ངེས་པའི་མི་ཚེ་དེ་དག་གི་ཆེད་དུ་ཡིན་མོད། ད་ལྟའི་མི་ཚེ་ཙམ་ལའང་བླང་དོར་གྱི་བྱ་བར་འཇུག་མི་ཐུབ་པ་འདི་ཅི་འདྲའི་ངོ་ཚ་བ་ལ་ཨང་། ངས་བླང་དོར་གྱི་གནད་དོན་གང་ལ་གང་འཚམས་ཤིག་ཤེས་མོད་ངས་དེ་དག་ལ་དང་ལེན་བཟོ་མི་ཐུབ་པ་འདི་ནི། ང་རང་ཆེས་གླེན་ཞིང་ལྐུགས་པའི་གང་ཟག་དེ་ཡིན་པ་ཤེས་སུ་བཅུག་བྱུང་།

དབུ་མ། ཚད་མ། ཕར་ཕྱིན་ལགས། ངས་ཇི་ཙམ་གྱིས་འབད་བརྩོན་བྱས་ཏེ་ཁྱེད་ཅག་ལ་ཉེ་བར་བཏུད་ཀྱང་དེ་ཙམ་གྱིས་རྒྱང་དུ་བཀྱེད་དགོས་པ་ལ་ཨང་། ངའི་སྣང་ངོར་ཁྱེད་ཅག་ནི་པོ་ཏི་དེ་དག་གི་ཁྲོད་ཀྱི་དགག་སྒྲུབ་རླབས་པོ་ཆེ་དེ་དག་ཡིན་ལ། མཁས་པ་དེ་དག་གི་འགྲེལ་བཤད་ཁྲི་ཕྲག་བརྒྱབ་པའི་གླེང་སློང་དེ་ཡིན། ངས་ཁྱེད་ཅག་རང་སེམས་ཀྱི་འགྲེལ་བཤད་ཅིག་ཡིན་པར་རྟོགས་ལ། ངས་ང་རང་བཙལ་བའི་བཙལ་ཡིག་ཞིག་ཏུ་ངོས་བཟུང་བཞིན་ཡོད་མོད། ད་དུང་། ཤེས་བཞིན་དུ་ཁྱེད་ཅག་དཔེ་ར་ནང་གི་ཡིག་འབྲུ་འགའ་ཤས་དང་རྩོད་ར་ནང་གི་ཐལ་འགྱུར་འགའ་ཤས་ལ་འཁྲུལ་དོན་ཅི།

  ངས་དཔེ་ཆ་བལྟས་པའི་རྒྱུད་རིམ་ནི་ངས་ང་རང་བཙལ་བའི་གོ་རིམ་ཞིག་ཏུ་ངོས་བཟུང་བཞིན་ཡོད་མོད། དེ་ལས་ལྡོག་སྟེ་ཚིག་འབྲུ་དེ་དག་ལ་འབྲུ་གནོན་ཐུབ་ཅིང་གནད་དོན་འགའ་ཞིག་གི་གཟུང་མཚམས་ལེགས་པར་ཤེས་པའི་སྐད་ཅིག་མ་དེར། ངས་ང་རང་བོར་བརླག་ཏུ་ཤོར་འགྲོ། དཔེར་ན། ཟང་ཟིང་གི་གྲོང་ཁྱེར་ཞིག་ནས་ལོ་གསུམ་བྱིས་པ་ཞིག་བོར་བ་དང་འདྲ། འོན་ཀྱང་། མདུན་ཕྱོགས་སུ་བགྲོད་དཀའ་བའི་ལམ་བུ་དུ་མ་ཞིག་ཡོད་ལ་ངས་ང་རང་བཙལ་བའི་དེབ་ཐེར་མང་དག་ཅིག་ཡོད་པར་མཐོང་བས། ནམ་ཡང་འཁྲུལ་སྣང་འདི་ལ་མགོ་བཏགས་ཞུ་མི་ཉན།

ངས་ཁྱོད་ལ་ཇི་ཙམ་ཉེ་བར་བཏུད་ཀྱང་རྒྱང་དུ་བཀྱེད་མོད་ངས་ནམ་ཡང་ང་རང་འཚོལ་བཞིན་ཡོད། སྐྱེ་བ་ནས་སྐྱེ་བར།


  • ལེ་ཚན་སྔོན་མ།:རྩྭ་ཐང་གི་དུས་བཞི།
  • ལེ་ཚན་རྗེས་མ།:གྲོང་ཁྱེར་ནས་ཕ་ཡུལ་དྲན་པ།