རྩྭ་ཐང་གི་དུས་བཞི།

ཉི་མ་རྡོ་རྗེ།        2018-11-08

དཔྱིད།

ལོ་གཅིག་དུས་བཞི་དཔྱིད་ནས་འགོ་བཟུང་ཏེ། བྱ་བ་ཐམས་ཅད་དུས་ཚིགས་འདི་ནས་བརྩམ་ཞེས་པའི་དངོས་བྲིས་ཤིག་གིས་དཔྱིད་ཀྱི་དུས་འདི་བསུ། རྩྭ་ཐང་གི་དུས་ཚིགས་འདི་ལ་ཁམ་བུ་མེ་ཏོག་གི་བཀྲག་མདངས་མེད་པ་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱིས་རོང་ཡུལ་ཞིང་ལས་ལ་འབད་པའི་རྣམ་པ་དེ་མེད་ན་ཡང་། མཐོ་སྒང་མ་གཏོགས་ཡུལ་གཞན་ན་མེད་པའི་མཛེས་སྡུག་ལྡན་པའི་རྣམ་པ་སྟེ། དགུན་གཅིག་ལ་གསོག་འཇོག་བྱས་པའི་གངས་ཀྱི་རི་བོ་དེ་དྲོ་འཇམ་ལྡན་པའི་དཔྱིད་ཀའི་ཉི་འོད་ཀྱི་ཟེར་མདངས་ཕོག་པའི་གངས་ཆུ་དེས་དགུན་གྱི་མ་རུངས་བ་ཚང་མ་གཙང་ཕྱགས་བྱེད་པ་དང་འདྲ་བར་ཆུ་མིག་དང་འདྲེས་ནས་རྒྱང་རིང་ཡུལ་དུ་བཞུར།

རྩྭ་ཐང་གི་དཔྱིད་ཀ་སྟེ། མཛེས་སྡུག་གི་སྤྲུལ་པ་ཉིད། ཞོགས་པའི་གླིང་བུ་ཁེར་འབུད་དང་འདྲེས་ཏེ་དཔྱིད་འདིས་དབྱར་ཀྱི་དུས་ཚིགས་ལ་གཡབ་མོ་བྱེད།

དབྱར།

དབྱར་གཞུངས་ཀྱི་རྩྭ་ཐང་ནི་འཇམ་ཐིང་ཐིང་ཞིག་ཡིན་ལ།ཞོགས་པའི་སྤང་ལྗོངས་ཀྱི་ངོས་སུ་

ལྷུང་བའི་སྨུག་སྤྲིན་གྱི་དཀྱིལ་ནས་བྱེའུ་ཆུང་འཇོལ་མོས་སྐད་སྙན་སྒྲོག་ཙ་ན་ཉི་མའི་འོད་མདངས་ལ་བསུ་མ་བྱེད་པའི་རོལ་དབྱངས་དཀྲོལ་བ་དང་མཚུངས། རྩྭ་ཐང་གི་ཕ་མཐའ་ནས་ཉི་མའི་ཞལ་རས་དེ་ངོ་ཚ་བར་དགའ་བའི་གཞོན་ནུ་མའི་ངོ་གདོང་དང་འདྲ་བར་དལ་གྱིས་མངོན་པ་ན། རྩྭ་རྩེ་ན་ཆགས་པའི་ཟིལ་པ་ནི་མུ་ཏིག་མང་པོ་ཐང་ལ་གཏོར་བ་དང་འདྲ་བར་ཅི་འདྲའི་མཚར་སྡུག་ལྡན་པ་ཞིག་རེད།

དབྱར་གྱི་དུས་སྟེ། དུས་ཚིགས་འདི་ལ་ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་ཡོད་ལ། དྲིན་ཆེན་ཕ་མ་འདྲ་བའི་དྲོད་འཇམ་ཡང་ཡོད།

སྟོན།

སྟོན་གྱི་དུས་འདི་ནི་དགའ་སྤྲོ་འཁོལ་འོས་པའི་དུས་ཤིག་ཡིན་ལ། བྲེལ་བྲེལ་འཚུབ་འཚུབ་ཀྱི་དུས་ཞིག་ཀྱང་རེད། འབྲོག་ཁུལ་དུ་མར་ཆུར་གྱིས་མཛོད་ཁང་བྱུར་བུར་བཀང་ལ་དཀར་གསུམ་གྱི་ཚོང་སྒོའང་ལྷུག་པོར་ཕྱེ། གཡའ་དག་པའི་མཁའ་ངོས་སུ་རྡུལ་དང་བྲལ་བའི་ཟླ་བ་མཁའ་ལ་བཏེགས་པ་དང་། དེའི་འོད་ཀྱིས་ཁེངས་བའི་ས་རུ་ལོ་ལེགས་ཀྱི་དགོད་སྒྲས་རི་ཀླུང་ཁེངས།

སྟོན་གྱི་འཇིག་རྟེན་འདིས་མི་རྣམས་ལ་ལོ་ལེགས་བྱུང་བའི་དགའ་བ་དང་བདེ་བ་སྟེར་ལ། འདི་ནི་དུས་ཚིགས་འདི་ལ་མ་གཏོགས་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡིན། ལས་ལ་འབད་བརྩོན་བྱེད་པའི་ལ་གཞས་སྙན་མོས་ཁྱད་ཆོས་འདི་ལ་བསྟོད་ར་ཡང་ཡང་བཏང་།

དགུན།

ཁ་བའི་མེ་ཏོག་ས་ལ་ཐེངས་ཤིག་གཏོར་བ་དང་། གྲང་ངར་ཆེ་བའི་འཐོར་རླུངའང་དེ་དང་བསྡེབས་ནས་ཡུལ་འདིར་སླེབས།འདི་ནི་རྩྭ་ཐང་གི་དགུན་ཁ་སྟེ། གངས་ཀྱི་ལྷུན་པོ་མཁའ་ལ་བསྙེགས་པ་འདི་ནས་བརྩིགས་ལ། ལྷུན་པོ་དེའི་ཉེ་འདབས་སུ་འཚོ་གནས་བྱེད་པའི་མི་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་ཀྱང་འདི་ནས་ཆགས། རེ་སྒུག་ངང་ནས་རེ་སྒུག་བྱེད་ལ། མདུན་ཕྱོགས་སུ་སྤོ་བའི་གོམ་སྟབས་ཀྱང་དཔྱིད་ཀྱི་དཔལ་མོ་ལ་རེ་སྒུག་བྱེད་པའི་འདོད་འདུན་འདི་ནས་ཆགས།།


  • ལེ་ཚན་སྔོན་མ།:དྲྭ་རྒྱས་དེད་པའི་མནོ་བསམ།
  • ལེ་ཚན་རྗེས་མ།:ཇི་ཙམ་ཉེ་བར་བཏུད་ཀྱང་རྒྱང་དུ་བཀྱེད།