སྙན་ངག་པ་རྩེ་རིག་གྲོལ་གྱི་སྙན་ངག་བཀླགས་པ།

འཁོན་སྲས་རྣོ།        2018-10-29

     སྙན་ངག་པ་རྩེ་རིག་གྲོལ་ལགས་ཀྱིས་ད་ལྟའི་བར་རྒྱལ་ཕྱི་ནང་གི་དུས་དེབ་དང་ཚགས་པར་མང་པོའི་སྟེང་སྙན་ངག་མང་ཙམ་འགོད་མྱོང་ལ། བཀོད་ཟིན་པའི་སྙན་ངག་ཚོར་རྒྱལ་ཕྱི་ནང་གི་ཀློག་པ་པོ་ཚོས་བསྟོད་པའི་མཐེ་བོང་བསྒྲེང་བ་དང་བསྔགས་བརྗོད་ཀྱི་མེ་ཏོག་མང་དུ་གཏོར་བཞིན་ཡོད་པ་རེད།

     དེང་གི་ཆར་སུམ་རྟགས་དག་གསུམ་ལ་སྦྱང་བ་མེད་པའི་ཁར། སྙན་ངག་སྤྱི་དོན་དང་མེ་ལོང་མ་སོགས་སྙན་གཞུང་སྣ་གཅིག་ལའང་ལྟ་མྱོང་མེད་མཁན་ཚོས།“སྙན་ངག་པ་”ཞེས་མངོན་པར་བརྗིད་པའི་ཡིག་འབྲུ་གསུམ་པོ་དེའི་མིང་བྱང་འོག་ཝ་སྐྱེས་རྒྱལ་བོའི་རྣམ་ཐར་འཁྲབ་མཁན་ནི་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ལ། དེ་དག་གིས་བོད་ཆེན་པོའི་སྙན་ངག་ལ་ལེགས་ཉེས་གང་གི་ཆར་སྲིད་ཞུ་སྒྲུབ་ཀྱིན་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། ཡིན་ནའང་། ན་གཞོན་གྲྭ་བཙུན་སྙན་ངག་པ་རྩེ་རིག་གྲོལ་ལགས་ལ་མཚོན་ན། ལམ་རྒྱགས་མེད་པར་དབུས་ལ་ཆས་པ་དང་། མཚོན་ཆ་མེད་པར་དམག་ལ་སོང་བ་ལྟ་བུ་མ་ཡིན་པར། སུམ་རྟགས་དག་གསུམ་ལ་སྦྱངས་བ་མི་དམན་པར་མ་ཟད།སྙན་ངག་གི་གཞུང་ལའང་ཐོས་བསམ་རྒྱ་ཆེར་བྱས་ཡོད་པ་རེད། ང་རང་ལ་མཚོན་ནའང་། ཁོའི་སྙན་ངག་བཀླགས་ཏེ་ཡུན་རིང་མིན་ནའང་། ཁོ་དང་ཁོའི་སྙན་ངག་ངོ་ཤེས་པ་ནས་ད་ལ་མ་ཐུག་གི་བར་ཁོམ་དུས་ཁོའི་སྙན་ངག་རེ་བཀླགས་པ་ཡིན། བློ་གཟུ་བོར་གནས་པའི་སྒོ་ནས་བཤད་ན།ཁོང་གིས་བརྩམས་པའི་སྙན་ངག༼ བསྟོད་ཚིག་ལྷའི་རོལ་མོ༽ དང༼ སྐུ་འབུམ་ནས་ཡབ་རྗེ་ཙོང་ཁ་བ་དྲན་པ༽ སོགས་ལ་ལྟ་ཀློག་བྱེད་མཁན་ཞིག་ཡིན་ན། ད་གཟོད་རྩོམ་གྲོགས་ཁོང་གི་བརྩམས་ཆོས་ཀྱི་དྲི་མ་མང་ཙམ་རོལ་མྱོང་ཐུབ་པའི་ཚོར་བ་རང་ལ་སྐྱེ་མྱོང་།

     ཁོང་གི་སྙན་ངག་བྲིས་ཟིན་པ་ཕལ་མོ་ཆེར། གོ་རིམ། དཔེ་འཇོག་སྟངས། རྗོད་བྱེད་ཚིག་གི་མཛེས་པ་ཕྱི་ལ་མངོན་ཐུབ་མིན་སོགས་ཀློག་པ་པོའི་ཡིད་དབང་འཕྲོགས་པའི་སྒྱུ་རྩལ་གྱི་རྣམ་པས་མངོན་པར་ཕྱུག་པའོ།།

     ༼ སྐུ་འབུམ་ནས་ཡབ་རྗེ་ཙོང་ཁ་བ་དྲན་པ༽ ཞེས་པའི་སྙན་ངག་དེར་མཚོན་ནས་བཤད་ན། རྗེ་རིན་པོ་ཆེ་མཆོག་སྙིགས་དུས་ཀྱི་གདུལ་བྱའི་མགོན་དུ་བྱོན་ཚུལ། ཁོང་གི་ཐུགས་བསྐྱེད་རྒྱ་ཆེ་ཚུལ།མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ཚུལ། མདོ་སྨད་དུ་འཁྲུངས་བར་ལུང་བསྟན་ཚུལ། ཁོང་གི་རྣམ་ཐར་གྱི་ཆེ་ལོང་བརྗོད་པ། བྱང་སེམས་མིའི་ཤ་ཚུགས་སུ་བྱོོན་པ་གང་གི་མཛད་འཕྲིན་གྱིས་འཛམ་གླིང་ལ་ཁྱབ་ཚུལ་སོགས་སྤྱིའི་ཆ་ནས་དམ་པ་གང་གི་རྣམ་ཐར་མདོར་བསྡུས་ཤིག་བརྗོད་ཡོད་ལ། སྙན་ངག་འདིའི་ཐོག་མཐའ་བར་གསུམ་གང་ལ་མཚོན་ནས་བཤད་ནའང་། རྩོམ་པ་པོའི་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཞིག་ཕྱི་ལ་མངོན་ཡོད། རྩོམ་འབྲི་བ་མང་པོ་ཞིག་གིས་བརྗོད་བྱ་གཅིག་སྟེ།དཔེར་ན།༼ རྗེ་རིན་པོ་ཆེ་དྲན་པ༽ ཞེས་པ་ཞིག་གི་སྟེང་ནས་སྙན་ངག་བྲིས་བ་ཡིན་ན། ལོ་རྒྱུས་ལ་གསལ་ཆ་མེད་པ་སོགས་མང་པོ་ཞིག་གིས་ཁྱེད་མང་པོ་དྲན་ཚུལ།ཁྱོད་དྲན་ནས་མིག་ཆུ་བཞུར་ཚུལ་སོགས་མདོར་ན་སྡུག་ཚུལ་ལུང་བ་གང་བཤད་ཨེ་ཐུབ་ལྟ་བ་ལས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིགས་གཏོང་གི་ཡོད་པ་མ་རེད། སྤྱིར་སྙན་ངག་གང་དང་གང་འབྲི་ན། དང་པོ་གང་བྲི་རྒྱུའི་སྙན་ངག་དེའི་མགོ་འཛིན་སྟངས། བར་ཏུ་ཅི་ཞིག་བརྗོད་རྒྱུ། མཐར་ཇི་ལྟར་མཇུག་བསྡུ་བ་སོགས་ནི་མ་མཐའི་ཆ་རྐྱེན་དུ་ངེས།

     སྐབས་བབས་ཀྱི་རྩོམ་གྲོགས་ཁོའི་སྙན་ངག་དག་ནི་གོ་རིམ་མེད་པ་སོགས་ཀྱི་སྐྱོན་གྱིས་གོས་པ་དེ་ལྟ་བུ་མ་ཡིན་པར་བརྗོད་བྱ་གང་ཞིག་གི་ཐོག་མཐའ་བར་གསུམ་ལ་གོ་རིམ་ཡོད་པ་དང་། བསམ་གཞིགས་ཀྱི་སྔོན་འགྲོ་ཡོད་པ་ཞིག་གི་སྟེང་ནས་ད་གཟོད་སྙན་ངག་འབྲི་བའི་ལས་ལ་ཞུགས་ཡོད་པ་ཤ་སྟག་ཡིན་པར་སེམས།

     ང་རང་ཉིད་ལ་མཚོན་ན། གྲོགས་པོ་ལགས་ཀྱི་སྙན་ངག་ཀློག་པ་པོའི་གྲལ་ལ་ཚུད་ནས་ལོ་འགའ་ལས་འགོར་མེད་ཀྱང་། ཡིན་ནའང་། ཁོའི་སྙན་ངག་རེ་རེས་ང་ལ་བཞག་པའི་བག་ཆགས་ནི་ཧ་ཅང་བརྗོད་ལས་འདས་པ་ཞིག་རེད། ཞིབ་འདང་རེ་བརྒྱབ་ན། ང་རང་རྩོམ་གྲོགས་ཁོང་གི་བརྩམས་ཆོས་གསར་རྙིང་ཁག་ཀློག་པར་སྤྲོ་བའི་རྒྱུ་མཚན་གང་ལ་ཐུག་འདུག་ཟེར་ན། རྩོམ་གྲོགས་རྩེ་རིག་གྲོལ་ལགས་ནི་ནང་བསྟན་སློབ་གླིང་གི་ར་བ་ན་སློབ་གཉེར་གནང་མཁན་གྱི་གྲྭ་བཙུན་དཀྱུས་མ་ཞིག་ཡིན་ལ། ཁོའི་བརྩམས་ཆོས་ཁག་ཀྱང་གྲྭ་བཙུན་ཞིག་གི་མཛད་སྤྱོད་ལས་མ་འཕགས་ཤིང་། དེའི་ཁར་སྲོལ་རྒྱུན་སྙན་ངག་གི་བཅུད་ཀྱིས་གཏམས་པ་སོགས་དགེ་མཚན་མང་པོ་མངོན་འདུག་པས་ཡིན་པ་འདྲ། གང་ལྟར། རྩོམ་གྲོགས་རྩེ་རིག་གྲོལ་ལགས་ནི་ཕ་ཡུལ་རྩེ་ཁོག་ཕྱོགས་ཀྱི་ན་གཞོན་རྩོམ་འབྲི་བའི་ཁྲོད། རང་ངོས་ནས་རེ་བ་མཐོ་གྲས་སུ་བརྩིས་མྱོང་། དེ་བས། མ་འོངས་པར་གྲོགས་པོ་དང་གྲོགས་ཀྱི་སྙན་ངག་གི་མདུན་ལྗོངས་སྔར་ལས་ཡངས་བར་སྨོན།


  • ལེ་ཚན་སྔོན་མ།:རང་ཉིད་སྙན་ངག་པར་འགྱུར་བའི་ཐབས་ལམ།
  • ལེ་ཚན་རྗེས་མ།:དྲན་པ་རི་ལ་སྤུངས་ཡོད།