འཁོན་སྲས་རྣོ། 2018-10-29
《རང་ཉིད་སྙན་ངག་པར་འགྱུར་བསམ་ན》ཞེས་པའི་ཁ་བྱང་འདི་མཐོང་མ་ཐག རྒྱ་ཆེ་བའི་ཀློག་པ་པོ་མང་པོ་ཞིག་དང་། ལྷག་པར་རང་ཉིད་ཀྱི་དགའ་ཕྱོགས་ལ་དོ་ཁུར་གནང་མཁན་ཚོས་དགའ་ལྷང་ལྷང་གིས་ཡིག་སྒམ་གྱི་ཁ་ཕྱེ་ངེས་ལ། ཕྱེས་ཚར་རྗེས་སྔར་གྱི་རེ་བ་དང་བར་ཐག་ཅི་ཙམ་ཡོད་པ་ཧ་ཅང་བཤད་བའི་གནས་སོ།། ཁ་བྱང་འདི་ནི་ལོ་མང་པོ་ཞིག་ལ་རང་ཉིད་ཀྱི་བློ་རུ་སྦྲུམ་པའི་ཚོར་བ་རྣལ་མ་ཞིག་ཡིན་པའི་ཁར། ཁ་སང༼ དབྱངས་ཅན་མའི་བརྩེ་བ༽ ཟེར་བའི་གླེང་ཚོམ་ཞིག་གི་ནང་། གྲོགས་པོ་མེ་མཁར་གྱི་རེ་བ་ལྟར་སྙན་ངག་གི་ཐད་རང་ཉིད་ཀྱི་བསམ་ཚུལ་ཐར་ཐོར་རེ་བཤད་ཨེ་ཤེས་བལྟས་པ་ཡིན། གྲྭ་གྲོང་རིས་མེད་ཀྱི་གྲུབ་པའི་གླིང་ཚོམ་དེ་ནས་ཚོར་བ་རྣོན་པོ་ཞིག་གིས་ཡང་བསྐྱར་བསྐུལ་ངོར་བསམ་ཚུལ་ཐུང་བུ་འདི་འདྲ་ཞིག་བཤད་བསམ་བྱུང་། དྲང་མོར་བཤད་ན། བོད་ཆེན་པོའི་རྩོམ་རིག་གི་གར་སྟེགས་སྟེང་ནས་རང་ལྟ་བུའི་ལས་དང་པོ་བ་ཞིག་གིས་ཁ་བྱང་འདི་ལྟ་བུ་ཞིག་གི་སྟེང་མི་ཤེས་ཤེས་མདོག་སྟོན་པ་ནི་ཅུང་མི་མཛེས་པར་མངོན་མོད། ཡིན་ནའང་། ལས་དང་པོ་བ་ཞིག་གི་གོམ་པ་སྤོ་སྟངས་དང་མཐུན་པར་བསམ་ཚུལ་ཐུང་བུ་ཞིག་བཤད་པ་ནི་ཚུལ་དང་མི་མཐུན་པ་ཞིག་མིན་པར་སེམས།དེ་བས། བརྡ་འཕྲིན་ཕོ་ཉའི་དགྱེས་འཛུམ་དང་འགྲོགས་ཏེ་བོད་ཀྱི་རྩོམ་རིག་སྤྱི་དང་བྱེ་བྲག་སྙན་ངག་ལ་བྱ་མིག་ཡར་ལྟོས་ཀྱིས་སློབ་སྦྱོང་བྱེད་མཁན་ནི་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བགྲངས་ཀྱིས་མི་ལང་བ་ནི་ཧ་ཅང་དགའ་འོས་པ་ཞིག་མ་ཡིན་ནམ་སྙམ། རེད་དེ། མང་པོ་ཞིག་ནི་གཡམ་རྒྱུགས་པ་ཤ་སྟག་སྟེ། གཞི་འཛིན་ས་ཞིག་དང་ཚོར་བའི་ཁམས་གང་ལའང་མི་བསྟུན་པར་གཞན་གྱི་བྲིས་རྩོམ་རེ་བཤུ་འབྲི་བྱས་པའི་ཁར། མིང་རྫིག་པོ་རེ་བཏགས་ཏེ་རང་ཉིད་ཀྱི་བར་སྟོང་དང་འཕྲིན་སྟེགས་སོགས་སུ་རྩོམ་པ་པོ་ག་གེ་མོས་བརྩམས་ཞེས་འུར་བརྗོད་བྱེད་པ་ནི་ཧ་ཅང་ཁྲིམས་མཐུན་ལུགས་མཐུན་ཞིག་མིན་པར་སེམས།
ཡང་མི་མང་པོ་ཞིག་གིས་རང་ཉིད་སྙན་ངག་པར་འགྱུར་བསམ་པ་དང་། སྙན་གྲགས་ཀྱང་ཆེ་རུ་འགྲོ་ཐུབ་ན་སྙམ་ཏེ། ཨུ་ཚུགས་ཀྱིས་མདུན་དུ་བསྐྱོད་ཁུལ་བྱེད་ཀྱིན་འདུག་མོད།དེ་དག་ལའང་ཅུང་དགོད་སྤྲོ་བ་ལ། བསམ་བློ་ཞིབ་མོ་ཞིག་བཏང་ན། དེ་དག་གིས་སྙན་ངག་གི་གཞུང་ཆེ་ཆུང་དག་ཕར་ཞོག སུམ་རྟགས་དག་གསུམ་ཙམ་ལའང་སློབ་སྦྱོང་ཕྲན་ཙམ་ཡང་མ་བྱས་པར་རང་ཉིད་སྙན་ངག་པར་འགྱུར་བསམ་པའི་སྟོང་བསམ་བཅངས་ཀྱིན་འདུག དྲང་མོར་བཤད་ན།དེ་ནི་གཤོག་པ་མེད་བཞིན་དུ་ནམ་འཕང་གཅོད་བསམ་པའི་རྨི་ལམ་ཙམ་ཨེ་ཡིན་ནམ།
ངོ་མ་བོད་ཀྱི་རྩོམ་རིག་ལ་བློ་དཀར་བའི་མི་ཞིག་དང་། སྙན་ངག་པ་ཚད་ལྡན་ཞིག་ཏུ་འགྱུར་དགོས་ན།དེ་ལ་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པར་སེམས། རང་ཉིད་ཀྱི་བསམ་ཚུལ་ལྟར་ན། མ་མཐའ་ཡང་སུམ་རྟགས་དག་གསུམ་གྱི་སྔོན་འགྲོ་གང་ལ་གང་འཚམས་ཤིག་ཡོད་པའི་ཁར། སྙན་ངག་གི་གཞུང་ཆེ་ཆུང་དག་ལ་སློབ་སྦྱོང་བྱེད་པ་དང་། ད་དུང་བོད་ཀྱི་སྤྱི་ཚོགས་ཀྱི་རྩོམ་རིག་གསར་རྙིང་ལ་སློབ་སྦྱོང་བྱེད་པ་དང་། རྒྱལ་ཕྱི་ནང་གི་ལེགས་རྩོམ་དག་ལ་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་ཡག་པོ་གནང་རྒྱུ་གལ། སློབ་དཔོན་དབྱུག་པ་ཅན་གྱིས། མེ་ལོང་མའི་རྩ་བར། རང་བཞིན་གྱིས་གྲུབ་སྤོབས་པ་དང་།། མང་དུ་ཐོས་པ་དྲི་མེད་དང་།། མངོན་པར་སྦྱོར་བ་མི་དམན་པ།། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།། གལ་ཏེ་སྔོན་ཆད་བག་ཆགས་ཡོན་ཏན་གྱི།། རྗེས་བྱུང་སྤོབས་པ་རྨད་བྱུང་མེད་པ་ལའང་།། ཐོས་དང་འབད་པ་དག་གིས་ངག་བརྟེན་ན།། ཇི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད།། དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི།། སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན།། སྙན་ངག་ཆུང་བུ་ལའང་ངལ་བྱས་མི།། མཁས་བའི་མདུན་ས་དག་ཏུ་འདུག་ལ་དབང་།། ཞེས་གསུངས་པ་ནང་བཞིན་འབད་བརྩོན་བྱ་དགོས་རེད། དེ་ལྟར་གོ་རིམ་ངེས་ཅན་ཞིག་བརྒྱུད་རྗེས་ད་གཟོད་ཚོར་བ་གཙོ་བོ་བྱས་ཏེ་སྙན་ངག་རེ་བྲིས་པ་ཡིན་ན། བོད་ཆེན་པོའི་སྙན་ངག་གི་ཚེ་སྲོག་དེ་འཛམ་བུ་གླིང་གི་རྒྱ་ཁྱོན་ནས་ཡུན་རིང་གསོན་པ་ལའང་རེ་བ་ཆེན་པོ་ལོས་ཡོད་སྙམ་པ་ལ།
གཞན་ད་དུང་སུམ་རྟགས་དག་གསུམ་གྱི་སྔོན་འགྲོ་ཡོད་པ་དང་སྙན་ངག་གཞུང་ཆེ་ཆུང་ལ་སློབ་གཉེར་གནང་བ་ཙམ་གྱིས་ཀྱང་མི་ཆོག་སྟེ། སྙན་ངག་པ་ཚད་ལྡན་ཞིག་ཏུ་འགྱུར་དགོས་ན་ངེས་པར་དུ་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་དགོས་པ་དང་། བྲིས་རྩོམ་རེ་རེས་མི་རིགས་རང་གི་འཚོ་བའི་ཁ་དོག་ཡོངས་སུ་མངོན་ཐུབ་པར་འབད་དགོས་བསམ། བོད་ཀྱི་རྩོམ་པ་པོ་རྒན་འཇུ་སྐལ་བཟང་གིས་མཛད་པའི《སྙན་ངག་གི་རྣམ་བཤད》ལས་ཀྱང་། སྔར་ཡང་ང་ཚོའི་རྩོམ་མཁན་མི་ཉུང་བ་ཞིག་གིས་ཕུན་སུམ་ཚོགས་པའི་འཚོ་བའི་རྨང་གཞི་ལ་བརྟེན་ནས་མི་རིགས་ཀྱི་ཁྱད་ཆོས་གསལ་ཞིང་མི་རིགས་ཀྱི་འཚོ་བའི་རོ་ཉམས་ལྡན་ལ། བོད་མི་དམངས་ཀྱི་དགའ་བསུ་བྱེད་པའི་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་མོད་ཀྱི། འོན་ཀྱང་རྩོམ་མཁན་ལ་ལས་བརྩམས་པའི་ཆོས་ལ་མི་རིགས་ཀྱི་ཉམས་འགྱུར་ཏེ། བོད་མི་རིགས་རང་ཉིད་ཀྱི་སྐད་ཆ་ལྟར་ན་དེ་ལ་མར་དང་རྩམ་པའི་རོ་མངར་ཅི་ཡང་མི་ལྡན་པར་མཐོང་། རྒྱུ་མཚན་དེའི་ཕྱིར། སླད་ཕྱིན་ང་ཚོ་རྩོམ་མཁན་རྣམས་ཀྱིས་ངེས་པར་དུ་མང་ཚོགས་ཀྱི་ཁྲོད་དང་མེ་ལྟར་ཚ་བའི་འཐབ་རྩོད་ཀྱི་འཚོ་བའི་ནང་ཞུགས་ནས། མང་ཚོགས་དང་མཉམ་དུ་འཚོ་བ་རོལ་ཞིང་། འཚོ་བ་དེའི་ནང་ནས་མི་རྣམ་པ་སྣ་ཚོགས་ལ་ཤེས་རྟོགས་དང་རྒྱུས་ལོན་བྱས་ཏེ། གསར་རྩོམ་གྱི་འཚོ་བ་ཕུན་སུམ་ཚོགས་པར་གཏང་རྒྱུ་དང་། དུས་རབས་ཀྱི་འཕེལ་འགྱུར་ཟིན་ཐུབ་པ་བྱས་ནས། མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་ཟུང་འབྲེལ་སྒོས་མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་རྩོམ་རིག་སྒྱུ་རྩལ་གྱི་གཟུགས་བརྙན་གསར་བཟོ་བྱ་དགོས། འདི་ལྟར་བྱས་ན། ད་གཟོད་བོད་མི་དམངས་ཀྱི་འཚོ་བ་མཚོན་ཞིང་།མི་རིགས་ཀྱི་ཁྱད་ཆོས་གསལ་བ། བོད་མི་དམངས་ཀྱིས་ལྟ་ན་འདོད་ཅིང་ཉན་པར་སྤྲོ་བའི་དུས་རབས་འདིའི་བོད་མི་དམངས་ཀྱི་བསམ་པའི་འགྱུར་བ། རང་བཞིན་གྱི་ཀུན་སྤྱོད། ངང་ཚུལ་སྙིང་སྟོབས་མཚོན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་རྩོམ་ཐུབ་པ་ཡིན་པ་སོགས་རྒྱ་ཆེར་གསུངས་པ་ལ་སོམས་དང་། སྙན་ངག་པ་དང་རྩོམ་འབྲི་བ་ཡག་པོ་ཞིག་འཁྱོངས་དགོས་ན་དེ་ལྟར་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་པ་ནི་ནམ་ལངས་ལངས་ཉི་མ་ཤར་ཤར་རེད།
མདོར་ན། མཁས་པ་དགྱེས་བའི་དགའ་སྟོན་མི་མངའ་བའི་ཚིག་ཐར་ཐོར་འདི་དག་ནི། བསམ་པ་ཡར་སེམས་དང་། སྐུད་པ་ཡར་འཁེལ་གྱི་དཔེས། མགོ་སྔ་མེད་པ་དང་འཐུས་སྒོ་མ་ཚང་བའི་བསམ་ཚུལ་འདི་འདྲ་ཞིག་ལབ་འདོད། རང་དང་འདྲ་བའི་ལས་དང་པོ་དག་ལ་བགྲོ་བ་ཞིག་གི་ཚབ་མཚོན་ཡིན་པ་ལས། རང་ཉིད་ཆེ་གེ་མོར་བརླམས་ཏེ། ཕྱི་རབས་པ་དག་ལ། མཛུབ་མོ་རི་སྟོན་མཛད་པ་གཞི་ནས་མ་ཡིན་པར་ཚང་མས་ཤེས་པར་གྱིས་ཤིག།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10