ལོ་བཅུའི་ཁྲོད་ཀྱི་འཕོ་འགྱུར་བདུན་ཚར་མ།

ཙ་སུར་སྦྱིན་པ།        2018-10-24


བསིལ་ལྡན་གྱི་འཕྲེང་རིས་ཡོངས་སུ་བསྐོར་བའི་བོད་གངས་ཅན་གྱི་ཆོལ་ཁའི་ནང་ཚན། ཁམས་སྡེ་དགེ་རྫོགས་ཆེན་ཞེས་སྟོད་ན་གངས་རི་བར་ན་རྫ་རི། སྨད་ན་ནགས་ཚལ་དང་འདབས་ན་སྤང་ལྗོངས་ཀྱིས་ཁེབས་པ། དྭངས་གཙང་གི་རྫ་ཆུ་བསིལ་མ་ལྷང་ལྷུང་དུ་འབབ་པའི་རང་བྱུང་གི་བཀོད་པ་ཕུན་སུམ་ཚོགས་ཤིང་གནས་མཆོག་གི་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་གྲུ་འདི་ན། མཁའ་ན་འཕུར་བའི་འདབ་ཆགས་ཀྱི་སྐད་སྙན་དང་ས་ལ་འགྱུ་བའི་སྲོག་ཆགས་ཀྱི་བརྩེ་དགའ། ད་དུང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་ཆེས་ཆེར་དར་བའི་འབྲོག་སྡེ་རྐྱང་རྐྱང་གིས་གྲུབ་པའི་ཡུལ་ཚོའམ་གྲོང་རྡལ་འདིའི་ཁོར་ཡུག་ན་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་ཞེས་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡོད་པ་གོ་མྱངས་པ་ལས་མཐོང་ཆོས་སུ་མ་གྱུར་བར་རེ་ཞིག་ལུས་སོང་།


ལས་སྐལ་དང་གོ་སྐབས་ཤིག་གིས་ཉིས་སྟོང་བཅུ་ལོར་སློབ་གྲྭ་འདིར་ཡོང་ནས་ཟླ་བ་བཞི་ཡས་མས་ཤིག་ལ་བོད་ཡིག་གི་དགེ་རྒན་ཞེས་པའི་མིང་ཙམ་ལས་དོན་དག་ག་གེ་མོ་ཞིག་གི་རྒྱུ་རྐྱེན་འོག་ཕྱིར་ཕ་ཡུལ་ཨ་མདོ་ལ་འགྲོ་དགོས་བྱུང་མོད།ཉིས་སྟོང་བཅུ་བདུན་ལོའི་སྟོན་ཟླའི་ནང་ལ་ལས་སྨོན་བཟང་བོའམ་སྐལ་བ་ཡག་པོ་ཞིག་གིས་ཡང་བསྐྱར་སློབ་གྲྭ་འདི་གའི་ལས་འཛིན་པ་ཕལ་བ་ཞིག་གི་མིང་བྱང་ལྡན། དེ་རིང་བདག་གིས་འདི་ནས་ཞུ་འདོད་པ་དང་འབྲི་འདོད་པ་ནི་ཉིས་སྟོང་བཅུ་ནས་བཅོ་བརྒྱད་བར་གྱི་ལོ་བཅུའི་འཕོ་འགྱུར་གྱི་སྣང་ཚུལ་ཞིག་དངོས་བྲིས་ལྟ་བུ་བྱས་ནས་གླེང་སློང་བར་འགོ་འཛིན་རྒྱུ་ཡིན་ལ། སྒེར་བཙུགས་སློབ་གྲྭ་འདི་འཛུགས་མཁན་གྱི་བྱེད་པོ་ནི་རྫོགས་ཆེན་མཆོག་གླིང་པདྨ་འཇིགས་བྲལ་གྲུབ་པའི་རྡོ་རྗེའམ། སྤྲུལ་སྐུ་གུར་དགའ་མཆོག་ཡིན་ལ། ཁོང་ནི་སྐྱབས་གཅིག་འཁོར་ལོའི་མགོན་པོ་པདྨ་སྐལ་བཟང་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན་གྱི་གདན་ས། སྔ་འགྱུར་གྲུབ་དབང་རྫོགས་ཆེན་དགོན་གྱི་ད་ལྟ་བསྟན་བདག་ཁྲི་བའི་འགན་འཁུར་བ་གཙོ་བོ་བཞུགས་མུས་སུ་གནང་ཡོད་པ་འདི་བཞིན་ལགས་སོ།།


ཉིས་སྟོང་བཅུ་ལོའི་སློབ་གྲྭ་འདི་གའི་འཛུགས་སྐྲུན་དང་ཉིས་སྟོང་བཅོ་བརྒྱད་ལོའི་ད་ལྟའི་འཛུགས་སྐྲུན་བྱེད་སྟངས་ནི་གནམ་ས་ལྟ་བུའི་ཁྱད་པར་ཡོད་ལ། དཔེར་ན་ཁོར་ཡུག་གི་རྒྱ་ཁྱོན་དང་འཛུགས་སྐྲུན་བྱེད་ཆས་དངོས་རྫས་ཀྱི་སྤུས་ཀ སྔུན་མ་སློབ་གྲྭའི་འཛུགས་སྐྲུན་ཡིན་ན་དགེ་སློབ་ཡོངས་རྫོགས་ཀྱི་ཉལ་ཁང་དང་སློབ་ཁང་ཚང་མ་ཁང་མིག་ཉེར་དྲུག་གིས་གྲུབ་པའི་ཐོག་རྩེག་གསུམ་ཅན་ཞིག་མ་གཏོགས་མེད་ལ། ཟུར་དུ་འཕྲོད་བསྟེན་ཁང་ཉིས་ཐོག་ཅན་ཞིག་ལས་མེད་མོད། ད་ལྟའི་སློབ་གྲྭའི་འཛུགས་སྐྲུན་གྱི་རྣམ་པ་ནི་སློབ་ཁང་ཐོག་རྩེག་བཞི་ཅན་དང་། ཇ་ཁང་ཐོག་རྩེག་གཉིས་ཅན། དགེ་སློབ་ཀུན་གྱི་སྡོད་ཁང་ཉལ་ཁང་ཐོག་རྩེག་བཞི་ཅན་དང་ལས་འཛིན་པ་སོ་སོའི་གཞུང་ལས་ཁང་ཡང་ཐོག་རྩེག་བཞི་ཅན། ཞིབ་འཇུག་ཁང་ཐོག་རྩེག་གཉིས་དང་ཚད་རིམ་ཅུང་མཐོ་བའི་དཔེ་ཀློག་ཁང་ཐོག་རྩེག་གསུམ་སོགས་སྒེར་བཙུགས་ཀྱི་སློབ་གྲྭ་ཞིག་ལ་མཚོན་ན་ཕྱོགས་གང་ཅིའི་ཐད་ཀྱི་རྣམ་པ་རྒྱ་ཆེ་བ་ནི་བསམ་ཡུལ་ལ་མི་ཤོང་བ་ཞིག་རེད། ཡིན་ཡང་སྤྲུལ་སྐུ་གུར་དགའ་ཁོང་གིས་ད་རུང་མུ་མཐུད་དུ་མ་དངུལ་འབོར་ཆེན་ཕུལ་དང་འབུལ་བཞིན་པ་འདི་ནི། སྒེར་བ་ཞིག་ཕར་བཞག་རྒྱལ་ཁབ་གཞུང་ཞིག་ཡིན་ནའང་ཚེགས་སླ་བོ་དང་ལས་ཆུང་བ་ཞིག་ཡེ་ནས་མིན་པ་ཤེས་གསལ་ལྟར་རེད་ལ། ཁོང་ལྟ་བུ་ནི་མི་རིགས་ཀྱི་དཔའ་བོ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་ཡིན་པ་ནི་སྨོས་མ་དགོས་ལ། དེ་ལས་ཀྱང་སྤྲུལ་སྐུ་དང་བླ་མ་མང་བོ་ཡོད་སྲིད་ལ། ཁོང་ལྟ་བུ་འདི་འདྲའི་ལྷག་བསམ་དང་སྙིང་སྟོབས། རང་བདེ་གཞན་ཕན་དང་། གཞན་དོན་དོན་གཉེར་གྱི་འདུན་པ་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་ལས་རིགས་འདི་ནི། མི་རིགས་དང་རྒྱལ་ཁབ། ས་གནས་མང་ཚོགས་སུ་ཞིག་ཡིན་རུང་རྒྱབ་སྐྱོར་དང་། རྗེས་སུ་ཡི་རངས་ངང་མངོན་པར་ཡང་དག་པས་བསྟོད་པར་འོས་སོ།།


དེ་བཞིན་སློབ་གྲྭ་འདི་གའི་སྒྲིག་གཞི་དང་སྒྲིག་ལམ་བཅའ་སྟངས་སོགས་རང་མི་རིགས་ཀྱི་སྲོལ་རྒྱུན་སློབ་གསོས་རྨང་བྱས་ནས་དེང་རབས་ཀྱི་སློབ་གསོའི་བཅུད་ལངས་ཏེ། ད་སྔ་སློབ་བུ་ཉིས་བརྒྱ་ཡས་མས་ཤིག་སློབ་མཐར་ཕྱིན་པའམ་ལོ་མཐར་ཕྱིན་ནས་སྤྱི་ཚོགས་ཀྱི་ལས་སྣེ་སོ་སོ་ན་རང་ཁ་རང་གསོ་ལྟ་བུའི་རྐང་ཚུགས་ཡོད་པར་མ་ཟད། རང་གིས་གཞན་ལ་བཀོད་འདོམ་བྱས་དང་བྱེད་བཞིན་པ་ཉུང་ཉུང་མ་རེད། རེ་ཉིས་ཤིག་སྤྱི་ཚོགས་སྟེང་ཞུགས་མ་ཐག་ནས་གདེང་འཇོག་ཚད་མེད་ཐོབ་པ་ཡང་མི་ཉུང་བ་ཞིག་ཡོད། དམིགས་བསལ་ཞིག་ལ་ད་ལོའི་སྐབས་གསུམ་པའི་སློབ་མ་ཉི་ཤུ་ཐམ་པ་ལ་རང་སློབ་གྲྭས་བཀོད་སྒྲིག་ལྟར་ཐད་ཀར་སྨན་པའི་ལས་ཞུགས་ཐོབ་ཡོད་པ་ལས་གཞན། སྐབས་གཉིས་པའི་སློབ་མ་བཅུ་གཅིག་ཡས་མས་ཤིག་ཕྱིར་མ་ཡུམ་སློབ་གྲྭའི་ནང་ནས་ལས་ཞུགས་རག་ཡོད་པར་མ་ཟད། སྡོད་ཁང་དང་ཟླ་ཕོགས་སོགས་འོས་འཚམས་ཀྱིས་བཀོད་སྒྲིག་ཡོད་པ་བཅས་མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་དང་། ལྷག་པར་དུ་ད་ལོ་ནས་བཟུང་རྒྱལ་ཁབ་རིམ་པ་དང་། སི་ཁྲོན་ཞིང་ཆེན་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ལས་ཁུངས་ཀྱང་བདམས་ཐོན་བྱུང་ཡོད་པ་ནི། མི་རིགས་རིག་གནས་ཀྱི་བདེ་སྡུག་དང་ལས་དབང་བསམ་གཞིགས་གནང་མཁན་དང་དོན་གཉེར་མཁན་རྣམས་ཀྱིས་འདི་དང་འདི་ལྟ་བུའི་ལས་རིགས་ལ་ཕན་ཞིག་མ་ཐོགས་རུང་གནོད་ཅིག་མི་བསྐྱལ་རྒྱུ་ང་ཚོའི་མི་ཤེས་པ་ཅན་དང་བོད་མི་བྱང་སེམས་ཅན་ཀྱི་བདག་པོ་ཡིན་པས་ན། ཅིས་ཀྱང་འགལ་རྐྱེན་མི་འབྱུང་བར་མཐུན་རྐྱེན་གྱི་སྨོན་ལམ་གྲངས་མེད་རེར་ཡོད་པར་སེམས་ཀྱིས་ཡང་ཡང་ཞུ།


  • ལེ་ཚན་སྔོན་མ།:མྱ་ངན།
  • ལེ་ཚན་རྗེས་མ།:རང་ཉིད་སྙན་ངག་པར་འགྱུར་བའི་ཐབས་ལམ།