མྱ་ངན།

ཁམས་སྨྱོན་ཧེ་རུ་ཀ        2018-10-22

    རླུང་བུ་འཇགས་རྗེས། ངའི་ཁོར་ཡུག་ཁུ་སིམ་མེར་གྱུར། ས་སྲོད་དུ་ལྡང་བའི་རླུང་བུ་དག་ཀྱང་ཁུ་སིམ་མེར་གྱུར། དུང་ཞེན་དང་ཡིད་ཆེས་ཀྱི་ཀློང་ནས་རྒོད་པོ་ཞིག་ཁུ་སིམ་མེར་བར་སྣང་ལ་གཤེགས་སོང་། འཇམ་མཉེན་གྱི་མེ་ཏོག་གི་ཚོམ་བུ་དག་རང་དགར་ས་རྡུལ་གྱི་ཕྱོགས་སུ་ལྷུང་། ལྷིང་འཇགས་ཀྱི་གནས་རི་སྲུང་མཁན་ཞིག་འཇིགས་སུ་རུང་བའི་འཆི་བདག་གིས་བདག་ཏུ་བཟུང་བས། གནས་ཚང་གཅིག་པའི་མགྲོན་པོ་ཚོས་ཁྱེད་ལ་ཡིག་དྲུག་གི་སྐྱེལ་མ་བྱེད་ཀྱིན་མཆིས།

    འཇམ་ཅག་གེར། མུན་ནག་གི་མཚན་མོའི་ཡོལ་རས་བཀལ་ནས། གྲོག་རོང་དང་ལྗོན་པའི་ཚོགས་བདེ་བར་གཟིམས་འདུག ཞི་དུལ་ལྡན་པའི་སྐྱེས་བུ་ཞིག་གི་རྣམ་ཤེས་མུན་པས་བསྒྲིབས་སོང་། ང་ལ་མིག་ཆུ་བཞུར། མིག་ཆུ་ཁོ་ནས་ང་ལ་སེམས་གསོ་བྱས། ང་ཁུ་སིམ་མེར་བསྡད་ནའང་། ངའི་སེམས་པ་སྡུག་གི་ཁེངས་ནས་ཡོད། ལྷན་འཛོམས་ཀྱི་ལོ་ཟླ་སྐད་ཅིག་གིས་འདས། གཏན་བྲལ་གྱི་མཇུག་མཐའི་ཉིན་མོ་སྟེ། ང་རང་ཡང་བསྐྱར་ཁེར་རྐྱང་དུ་ལུས་ཡོད།

    ང་ཁ་ཁུ་སིམ་པོའི་ངང་ཉི་མ་རེ་རེ་ཁྱེད་དྲན་བཞིན་ཡོད། རླུང་འཚུབ་འུར་འུར་ལྡང་རུང་ངས་ཁྱེད་ཉིད་དྲན་བཞིན་ཡོད། མུན་ནག་གི་མྱ་ངན་ཐང་དུ་དལ་གྱིས་བཞུད་པའི་བརྩེ་བའི་མི་ལགས། སྐར་མ་སྨིན་བདུན་གྱི་གཟི་དཔལ་མངོན་པའི་སྟོན་ཀའི་མཚན་ལྗོངས་དེར། སྡུག་བསྔལ་གྱིས་རབ་ཏུ་མནར་བའི་མི་ཞིག་རུས་པའི་གསེབ་ཏུའང་སྐྱོ་ཡུས་ཁོ་ནས་ངུ་ངག་འཐེན། སྔོན་གྱི་བག་མེད་ཀྱི་ལོ་ཟླ་

དག་གི་བྱུང་བ་སེམས་ངོགས་སུ་ཤར་དུས་སུ། ང་ཡི་སེམས་པ་ལྗིད་ཏིག་ཏིག་གིས་མནར།

    དེ་རིང་། མྱ་ངན་དང་འོ་དོད་མང་བའི་ཉིན་མོ་སྟེ། ཁྱུང་ཆེན་རི་ནས་འཁུན་ཞིང་མི་ཚོགས་གྲོང་ནས་ངུ་། ངུར་སྨྲིག་འོག་གི་སྐྱེས་ཆེན་ཚོས་ཕྱག་ཆེན་སྨོན་ལམ་དབྱངས་སུ་གྱེར་བཞིན་ཁྱེད་ཀྱི་ལུས་ཕུང་ཟད་པོ་དེ་ངུར་སྨྲིག་འོག་གི་རྒྱལ་སྲས་ཁྱུ་གཅིག་གི་ཚོགས་འཁོར་དུ་བཤམ་བཞིན་མི་ཕམ་མགོན་པོའི་ཕྱག་ཏུ་བསྲིངས།

    ནོངས་འགྱོད་ཀྱི་མིག་ཟུང་དུ་ཁྲག་དང་མཆི་མ་འཁོར་བའི་མི་དག ངོ་རྒོལ་དང་ཁྲོ་སེམས་ལ་མཚམས་འཇོག་ཐབས་བྲལ་ཡང་། སྐྱེ་འཆི་མི་རྟག་པའི་སྐྱོ་གར་གྱི་སྡུག་འདི་ཉིད་རང་ཐོག་ཏུ་བབ་དུས། ད་གཟོད་སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད་ཅེས་པའི་གདམས་ངག་དེ་ལ་སུ་ཞིག་ངོ་རྒོལ་བྱ་སྲིད།


  • ལེ་ཚན་སྔོན་མ།:བཅོས་བསྒྱུར་སྒོ་འབྱེད་དཔྱིད་རླུང་འཇམ་པོ་ལྡང་།
  • ལེ་ཚན་རྗེས་མ།:ལོ་བཅུའི་ཁྲོད་ཀྱི་འཕོ་འགྱུར་བདུན་ཚར་མ།