བཅོས་བསྒྱུར་སྒོ་འབྱེད་དཔྱིད་རླུང་འཇམ་པོ་ལྡང་།

ཉི་མ་རྡོ་རྗེ།        2018-10-19

    ངའི་ཕ་ཡུལ་ནི་དབྱར་གྱི་དུས་སུ་ཁྲ་ལྡེམ་ལྡེམ་གྱི་མེ་ཏོག་བཞད་ཅིང་། དགུན་གྱི་དུས་སུ་ཁ་བའི་མེ་ཏོག་འཐོར་བའི་དྲོ་གྲང་སྙོམས་པའི་ཡུལ་ས་ཧོར་བྲག་འགོའི་མཁར་གཉའ་ས་ཆ་ན་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བསིལ་རླུང་འཇམ་པོ་ཀྲུང་ཧྭ་འཛིན་མ་དང་ལྷན་དུ་ས་ཆ་འདིར་ལྡང་བ་ནས་བཟུང་ངའི་ཕ་ཡུལ་ལ་འཚོ་ཞིང་བཞུགས་པའི་མི་རྣམས་རྨོངས་གཉིད་ལས་དཀྲོག་ཅིང་ཕྱོགས་གང་ཐད་ནས་གནམ་ས་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།

    སྔོན་ཆད་ཡིན་ན། ང་ཚོའི་ཕ་ཡུལ་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡིན། ང་སློབ་ཆུང་འགྲིམ་པའི་སྐབས་སུ། རྒྱུན་དུ་རྒྱབ་གོས་ཀྱིས་མི་ཁེབས་པ་དང་། ཕོ་བ་ཟས་ཀྱིས་མི་འགྲངས་པའི་ནམ་ཟླ་བསྐྱལ་མྱོང་། ངས་བྱིས་པའི་དུས་ཀྱི་རེ་སྒུག་ནི་ལོ་གསར་དང་དྲུག་གཅིག་བྱིས་པའི་དུས་ཆེན་རེད།

གཏན་ནས་བརྗེད་ཐབས་མེད་པ་ཞིག་ནི་སྔོན་ཆད་ང་ཚོའི་ཕ་ཡུལ་ལ་ཟླ་བ་རེར་ཐང་བཤམས་གློག་བརྙན་རེ་བལྟ་རྒྱུ་ཡོད། བྱིས་པ་རྣམས་ཀྱིས་གཙོ་བྱེད་པའི་མི་རྣམས་ཀྱིས་དགུན་གྱི་ནམ་ཟླ་འཁྱག་པོ་དང་། ཁྱིམ་ནས་གློག་བརྙན་བལྟ་སའི་བར་གྱི་རྒྱང་ཐག་རིང་ཐུང་ལ་མི་བལྟ་བར་དུས་ལྟར་ཤང་སྲིད་གཞུང་གི་སྒོ་ཁྱམས་སུ་གློག་བརྙན་ལ་བལྟ་བར་བསྐྱོད་ཀྱིན་ཡོད། དེང་སང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་དང་བསྟུན་ནས་ཆེ་ཆུང་དང་སྤུས་ཚད་མི་འདྲ་བའི་བརྙན་འཕྲིན་ཉོས་ཏེ་ཁྱིམ་དུ་སྐྱེལ་བ་དང་འཛམ་གླིང་ཡུལ་གྲུ་ཀུན་གྱི་གཏམ་གསར་དང་ངོ་མཚར་བའི་ལྟད་མོ་སྣ་ཚོགས་ལ་བལྟ་ཐུབ་ཀྱིན་ཡོད། སྔོན་ཆད་ཡིན་ན་མུན་རུབ་པ་དང་ས་སྣུམ་གྱི་འོད་ཙམ་ལ་བརྟེན་ནས་སྨག་རུབ་ཕར་ལ་བསྐྱལ་ཐབས་བྱེད་ཀྱིན་ཡོད་པས་གློག་གིས་གནང་བའི་དགའ་སྟོན་ལ་ལོངས་སུ་སྤྱོད་ཐུབ་པ་ལྟ་ཅི་དགོང་ཇའང་གསལ་མོ་ཞིག་གི་ངང་ནས་འཐུང་མི་ཐུབ་པས་སྐབས་དེའི་རིག་གནས་འཚོ་བ་གཙོ་བོ་ནི་སྒྲ་སྡུད་འཕྲུལ་འཁོར་ལས་གསར་འགྱུར་དང་གླུ་གཞས་སྣ་ཚོགས་ཉན་པ་དང་། དེའང་ཆ་རྐྱེན་ཅན་གྱི་ཁྱིམ་ཚང་ལེགས་པོ་མིན་ན་སྒྲ་སྡུད་འཕྲུལ་ཆས་ཙམ་ཡང་ཉོ་ཐུབ་ཀྱིན་མེད། ད་དུང་བན་དེ་ཡོད་པའི་ཁྱིམ་ཚང་ལ་མཚོན་ན་གེ་སར་སྒྲུང་གི་རྣམ་ཐར་ལ་ཉན་རྒྱུ་དེའང་སྐབས་དེའི་རིག་གནས་འཚོ་བའི་ནང་གི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན།

    "ཕྱུག་པོར་འགྱུར་དགོས་ན་སྔོན་ལ་ལམ་བསྐྲུན་དགོས"ཞེས་པའི་དཔེ་ལྟར། ང་ཚོའི་ཕ་ཡུལ་གྱི་ལམ་གྱི་ཆ་རྐྱེན་སྟེང་ནས་བཤད་ན། སྐབས་དེའི་ལམ་ནི་འབའ་འབུར་མི་སྙོམས་པ་དང་། འགྲོ་འོང་སྟབས་མི་བདེ་བ། གུ་དོག་པ་ཞིག་ཡིན། རྗེས་ནས་དམངས་ཕན་གྱི་སྲིད་ཇུས་སོ་སོ་རིམ་པ་བཞིན་ལག་བསྟར་བྱས་པ་དང་བསྟུན། ལམ་རྒྱ་བསྐྱེད་པ་དང་། བསྐྱར་ལས་བཅས་བྱས་པ་དང་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ནས་རྫོང་དང་ཡུལ་ཚོའི་བར་སྣུམ་ལམ་ཤར་བགྲོད་ཐུབ་པ་བྱུང་ཡོད་པས་འགྲོ་འོང་སྟབས་བདེ་པོ་བྱུང་ཡོད། གཞན་ཡང་སྐབས་དེའི་ཁང་པ་ནི་ས་ཁང་ཙམ་ཡིན་པས་རྒྱུན་དུ་གྲང་རླུང་བཀག་མི་ཐུབ་པ་དང་། དབྱར་ཁར་ཆར་ཞོད་ཀྱི་སྐབས་སུ་ཐིགས་ཆུས་རྟག་ཏུ་བརྙས་བཅོས་བྱེད་ཀྱིན་ཡོད། སྐབས་དེའི་གོན་པ་ནི་ལྷན་པོ་བཙེམ་ཡོད་པའི་གོན་པ་ཡིན།

    ད་ལྟ་བཅོས་སྒྱུར་གྱི་སྒོ་མོ་ཆེ་ཆེར་ཕྱེ་ནས་ལོ་ངོ་བཞི་བཅུ་ལོན་པའི་དུས་ངའི་ཕ་ཡུལ་གྱི་འགྱུར་ལྡོག་ནི་ཧ་ཅང་ཆེ། ཕྱོགས་གང་ཐད་ནས་འཁྲུག་ཆ་དོད་ཅིང་འབྱོར་ཕྱུག་ལྡན་པར་གྱུར་པས་གཅེས་སུ་འོས་པ་ཞིག་ཡིན། སྔོན་གྱི་དམའ་ཞིང་རྙིང་བའི་ཁང་ཧྲུལ་རྣམས་ཞིང་སྡེ་གསར་བའི་འཛུགས་སྐྲུན་གྱི་སྲིད་ཇུས་འོག་གསར་འཛུགས་བྱས་པའི་ཁང་པ་བརྗིད་ཆགས་པོ་དང་ཉམས་དགའ་བ་ཞིག་རེད། སྔོན་གྱི་འདབ་རྫབ་ཀྱིས་ཁེངས་བའི་ལམ་བུ་ད་ལྟ་མེད་པར་གྱུར་བ་དང་དེང་སང་རྒྱ་བསྐྱེད་པའི་ལམ་དུ་གྱུར་བས་འཁོར་ལོའི་རིགས་རྣམས་ཕར་འགྲོ་ཚུར་འོང་བྱེད་ཅིང་། གཞུང་ལམ་གྱི་གཡས་གཡོན་གཉིས་ནི་གྲལ་བསྟར་འགྲིག་པའི་ལྕང་སྡོང་གིས་ཁེངས་ནས་ལྗང་ནེམ་ནེམ་ཡིན། གལ་ཏེ་ཁྱིམ་ཚང་ཞིག་ཏུ་མགྲོན་པོར་སོང་ན་ཁྱིམ་ཚང་དེའི་ནང་དུ་དེང་རབས་ཀྱི་ཁྱད་ཆོས་འཛིན་པའི་ཁྱིམ་ཆས་བརྙན་འཕྲིན་དང་། འཁྱག་སྒམ། ཁ་པར་སོགས་ཡོད་པས་དངོས་གནས་ལོ་རེ་བཞིན་དུ་འགྱུར་ལྡོག་གསར་པ་རེ་ཁ་སྣོན་བྱས་ཏེ་དུས་རབས་གཉིས་ཀྱི་རྣམ་པ་དེ་གསོན་ཉམས་དོད་པོའི་ངང་ནས་དཔེ་བསྡུར་དེ་ང་ཚོའི་མིག་མདུན་དུ་བཤམས་ཡོད་པ་རེད། རྣམ་པ་གསར་པ་འདི་ལ་བརྟག་ཞིབ་བྱ་ཆེད་ཕ་ཡུལ་དུ་ཐེངས་གཅིག་ལོག་རྗེས་རྩོམ་འདི་གྲུབ་པ་ཡིན།

    དེ་རིང་དྲོད་ལྷང་ལྷང་གི་གནམ་གཤིས་དང་ལྷན་དུ་ཕ་ཡུལ་གྱི་ལམ་ཕྲན་བརྒྱུད་ནས་བསྐྱོད་ན་སེམས་ནང་གི་དྲན་ཚུལ་ནི་སྣ་མང་ནས་ཇེ་མང་དུ་འཕེལ་ལ། དངོས་གནས། ཕ་ཡུལ་གྱི་མི་རྣམས་ཀྱིས་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བཟང་པོ་འདི་ལ་བརྟེན་ནས། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་རྣམ་པ་དེ་སྣུམ་ནག་ཁོད་ཡངས་ཀྱི་གཞུང་ལམ་བརྒྱུད་དེ་མིག་མདུན་དུ་མངོན་པའི་ཕ་ཡུལ་གྱི་རི་ཆུ་དང་ཐག་ཇེ་ཉེ་དང་བསྟུན་ནས་ཚོར་སྣང་མང་པོ་ཞིག་དྲན་པའི་ངོས་སུ་འཆར། ས་འདི་ལ་མེ་ཏོག་ལྡུམ་རྭའི་སྐྱེད་མོས་ཚལ་དང་། གྲོང་ཁྱེར་ཆེན་པོ་ལྟ་བུའི་གཞུང་ལམ་གྱིས་དྲྭ་རྒྱ་བསླ་བ། མཁའ་ལ་ཟུག་པའི་ཁང་བརྩེགས་སོགས་མེད་ན་ཡང་ས་འདི་ན་རང་ལ་ཆེས་ཆ་རྒྱུས་ཡོད་པའི་རྩི་ཤིང་རི་བོ་དང་། ས་འདི་ནས་རང་ཅག་ཆེས་ཆ་རྒྱུས་ཡོད་པའི་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་བློ་གྲོས་ལས་བྱུང་བའི་ཁྱད་འཕགས་ཀྱི་རྣམ་པ་དེ་མིག་མདུན་དུ་བཤམས་ཡོད།

    རླངས་འཁོར་ལས་བབ་མ་ཐག་མཐོང་བ་ནི་འགྱུར་ལྡོག་ནས་འགྱུར་ལྡོག་སྟེ། སྤྱི་ཁྱོན་ནས་བལྟས་ན་བཀོད་པ་ལེགས་པའི་ཁང་བཟང་དང་། དྲོང་ངེར་འགྱིངས་བའི་ཁ་པར་གྱི་བརྡ་རྟགས་ལྕགས་མཁར། དྭངས་གཙང་ཉམས་དགའ་བའི་ཁོར་ཡུག སྡེ་འདབ་ཀྱི་བཏུང་ཆུ་གཙང་མ། ཁྲ་ལམ་ལམ་གྱི་གློག་བཞུ་བཅས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པས་སྔར་གྱི་རྗེས་ལུས་དེའི་རྣམ་པ་བསྒྱུར་ཟིན་པ་ཤེས་ཐུབ།

    བསམ་མནོ་བཏང་ན། མཉམ་ལས་བགོས་ནས་ད་བར་གྱི་རིང་། གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་ནས་བཟུང་། ཡུལ་མིའི་བསམ་པའི་འདུ་ཤེས་དང་། ས་ཆའི་རྣམ་པ་གསར་པ། མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད་པའི་རྣམ་པ་དེ་ངའི་ཆེད་རྩོམ་འདི་བརྒྱུད་ནས་མི་གཞན་པར་སྟོན་འདོད་ལ། འདི་འདྲའི་རི་སུལ་ཆུང་ཆུང་ཞིག་ཏུ་འཚོ་སྡོད་བྱེད་པའི་ས་ཆ་ཞིག་གི་རྣམ་པ་གསར་པས་དེ་བས་ཀྱང་སྤྱི་ཚོགས་འཚོ་བ་ཡོངས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་མཚོན་ཐུབ་སྙམ།

    ནོར་བུ་བཟང་པོ་ཚང་གི་རབ་བསིལ་གྱི་སྒོ་ཁྱམས་ནང་ཁྱིམ་ཆས་ཆ་འགྲིག་དམའ་མོའི་སྟེགས་སུ་ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་ཤིག་བཤམས་འདུག བརྙན་འཕྲིན་དེའི་སྐུད་པ་བརྡ་འཕྲིན་འགུག་སྤྱོད་འཕྲུལ་ཆས་དང་སྦྲེལ་ནས་བརྙན་འཕྲིན་ལས་གཟུགས་རིས་འགུལ་སྤྱོད་དང་བསྟུན་ནས་གྲག་པའི་སྐད་སྒྲ་དེ་རྣ་བའི་བུ་ག་རུ་འཛུལ་འོང་། སྔར་རྩོང་མདོ་ན་ཡོད་པའི་ཆུ་གློག་དེ་ལ་སྐྱོན་ཤོར་བ་ནས་བཟུང་ལོ་ངོ་བཅུ་གྲངས་ལྷག་ལ་ས་ཆ་འདིའི་མི་རྣམས་མཚན་མོར་ཡང་ལཱ་དང་ས་སྣུམ་གྱི་འོད་ཕྲན་བུ་ལ་བརྟེན་ནས་འཚོ་བ་རོལ་བ་དང་། སྒྲ་སྐྱེལ་འཕྲུལ་ཆས་དང་སྒྲ་སྡུད་ཕབ་འཕྲུལ་ཆས་ནི་སྐབས་དེའི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རིག་གནས་འཚོ་བའི་ཕོ་ཉ་ཞིག་ཡིན།ད་ལྟ་ཆུ་གློག་འདི་ལ་བརྟེན་ནས་ཡང་ལཱ་ས་སྣུམ་དང་ཉི་འོད་ནུས་པའི་འཇིག་རྟེན་ཕར་ལ་བསྐྱལ་ཏེ་ཤང་གཅིག་གི་ཁྱིམ་ཚང་ཚང་མས་བརྙན་འཕྲིན་དང་། འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་བེད་སྤྱད་བྱས་ཏེ་དུས་རྒྱུན་དུ་དུས་སྟོན་ལ་རོལ་བཞིན་པ་དང་འདྲ་བར་སྐར་ཁུང་སོགས་ལས་དེང་རབས་འགྱུར་ཁུགས་ལྡན་པའི་སྙན་དབྱངས་གྲག་པ་དེས་དུས་རབས་གསར་པ་ཞིག་ལ་བསྟོད་གླུ་ལེན་པ་དང་མཚུངས།

    འདི་ན་ད་སོ་མ་ཁང་པ་རྒྱ་བསྐྱེད་བྱས་ཟིན་པ་འདི་ནི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཐོབ་ཡོད་པའི་བློ་མཐུན་བསྟན་འཛིན་ཚང་གི་ཁྱིམ་རེད། ཁོ་ཆུང་དུས་ནས་འགྱུར་མེད་ཀྱི་འདུན་པ་སེམས་སུ་བཅངས་ཤིང་ལངས་ཕྱོགས་བརྟན་པོས་ཡིག་སྐྱེལ་པ་དང་། ཟོག་སྨན་པའི་འགན་བླངས་ནས་ཡུལ་མི་རྣམས་ལ་རོགས་རམ་དང་ནུས་པ་བཏོན་ཏེ་ཞབས་འདེགས་ཞུས་པས་མཚན་སྙན་དེ་ཐོབ། ཁོས་རང་ལུས་ཀྱི་རྒྱུན་ལྡན་དུ་གནས་པའི་བབ་ཆགས་ཀྱི་ཀུན་སྤྱོད་ཀྱིས་ཡུལ་མི་རེ་རེའི་བསམ་པ་བཀུགས་ནས་ཟོག་སྨན་པའི་ལས་འགན་བསྒྲུབ་པ་དང་། ད་ཆ་ཡུལ་མི་གཞན་དང་འདྲ་བར་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་ནས་བརྙན་འཕྲིན་དང་འཁྱག་སྒམ། ལག་འཛིན་ཁ་པར། འཕྲུལ་རྟ་སོགས་ལ་བེད་སྤྱད་བྱེད་ཐུབ་ཡོད་པར་མ་ཟད། བསམ་པའི་འདུ་ཤེས་སྒྱུར་བཅོས་དང་བསྟུན་ནས་བུ་བུ་མོ་གཉིས་ཀ་རྫོང་བོད་ཡིག་སློབ་འབྲིང་དུ་བསྐྱལ་ཏེ་རིག་གནས་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་བུ་མོ་ལས་ཞུགས་བྱས་ཟིན། འདི་ནི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་ཆབས་ཅིག་བསམ་བློ་བཅིངས་འགྲོལ་བཏང་བའི་རྗེས་འབྲས་ཡིན་པའི་འདུ་ཤེས་ཤིག་འགོག་མེད་དུ་ཤར།

    ཤང་སྲིད་གཞུང་གི་མཐའ་འཁོར་ན་ཚོང་ཁང་ཁ་ཤས་ཡོད། ཚོང་ཁང་དེ་དག་ནི་མཉམ་ལས་བགོ་དུས་ནས་ཡུལ་དེའི་མང་ཚོགས་ལ་སྟབས་བདེ་ཡོང་ཆེད་དང་། ཕྱོགས་གཞན་ཞིག་ནས་ཚོང་བདག་ཁོ་རང་ལ་ཁེ་སྤོགས་ཐོབ་ཆེད་གསར་དུ་བཙུགས་པའི་ཚོང་ཁང་ཆུང་ཆུང་སྟབས་བདེ་ཞིག་རེད། རྒྱུན་དུ་ཡུལ་མི་རྣམས་ཀྱིས་སྒོར་མོ་འདང་མིན་ལ་བལྟས་ནས་ཚོང་ཁང་དེ་དག་ལས་བུ་ལོན་ལེན་ཆོག་པ་དང་། རང་གི་སྒོར་མོའི་ཡོང་སྒོ་དང་ངལ་རྩོལ་གྱི་ནུས་པ་ལ་བརྟེན་ནས་དངུལ་སྐྱེད་མི་དགོས་པའི་བུ་ལོན་སྐྱིན་གསབ་སྤྲད་ཆོག་པས་ཕྱོགས་གཉིས་གར་ཧ་ཅང་སྟབས་བདེ་རེད། དེའི་རྐྱེན་གྱིས་ཚོང་ཁང་ཆུང་ཆུང་གི་སྒེའུ་ཁུང་འགྲམ་དུ་རྒྱུན་དུ་མི་མང་པོ་འདུས་ཏེ་རང་ལ་མཁོ་བའི་ཅ་ལག་ཉོ་ཚོང་བྱེད་ཀྱིན་ཡོད། དེ་རིང་ང་རང་ཚོང་ཁང་དེའི་སྒོ་འགྲམ་དུ་འབྱོར་དུས་མི་མང་འདུས་ནས་རང་རང་ལ་མཁོ་བའི་ཅ་ལག་ཉོ་ཚོང་བྱེད་བཞིན་འདུག

    ད་ལྟ་ང་ཚོས་མཐོང་བའི་ཁང་པ་འདི་ནི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གྱུར་བ་དང་བསྟུན་ནས་བྱུང་བའི་ཁང་པ་རྒྱ་བསྐྱེད་ཅིང་ཉེ་ཆར་འགྲུབ་བཞིན་པའི་དབང་རྒྱལ་ཚང་གི་ཁང་པ་རེད། ཉེ་བའི་ལོ་འགའ་ཤས་ཀྱི་རིང་ལ། ས་ཆ་འདིའི་ཡུལ་མི་མང་པོ་ཞིག་གིས་གོང་རིམ་གྱི་རོགས་སྐྱོར་དང་། ཞིང་སྡེ་གསར་པ་འཛུགས་སྐྲུན། དབུལ་སྐྱོར་ལས་དོན་སོགས་ཀྱི་རོགས་སྐྱོར་དང་རང་གི་ངལ་རྩོལ་ལ་བརྟེན་ནས་ཁང་པ་གསར་ལས་དང་ཞིག་གསོ། རྒྱ་བསྐྱེད་ཀྱི་བྱ་བ་བསྒྲུབས་ནས་ཤང་གཅིག་གི་ཡུལ་སྡེ་བཅུ་དགུའི་གང་དུ་བལྟས་ཀྱང་ཁང་པ་གསར་པ་མང་པོ་བསྐྲུན་ཡོད་པར་མ་ཟད། ཁྱིམ་ཚང་རེ་འགས་རླངས་འཁོར་ཆེ་ཆུང་དང་འདྲུད་འཐེན་འཁོར་ལོ་ཉོས་ཏེ་སྐྱེལ་འདྲེན་དང་ཞོར་ལས་བྱེད་བཞིན་ཡོད་པ་ཕུད། འཕྲུལ་རྟས་རྒྱུན་སྤྱོད་ཀྱི་ནུས་པ་གལ་ཆེ་ཐོན་ནས་རྒྱང་ཐག་ལེ་དབར་བདུན་ཅུ་དོ་གཉིས་ཀྱིས་ཆོད་པའི་རྫོང་གྲོང་དུ་ཉོ་ཚོང་དང་བྱ་བ་བསྒྲུབ་པར་འགྲོ་འོང་སྟབས་བདེ་ཡོང་ཡོད། དེ་མ་ཚད་ཞོར་ལས་བཙལ་སླ་བ་དང་། གྲོང་པ་ཁྱིམ་མཚེས་བར་ལ་རོགས་རམ་བྱེད་པར་སྟབས་བདེ་པོ་ཡོང་ཡོད་པ་རེད། ཉིན་རེ་བཞིན་བལྟས་བལྟས་རིག་རིག་དང་མངོན་མངོན་རྗེན་རྗེན་གྱིས་མཐོང་ཐུབ་པའི་ཡར་རྒྱས་གོང་འཕེལ་གྱིས་ས་ཆ་འདིའི་མི་མང་པོར་བསམ་བློར་སྒྱུར་བཅོས་ཐེབས་ཡོད། དེང་སང་རླངས་འཁོར་ཉོ་མཁན་ཇེ་མང་དུ་སོང་ཡོད་པར་མ་ཟད། ཚང་མ་ཧུར་ཐག་གིས་སྤྱི་ཚོགས་བྱ་བཞག་ནང་ཞུགས་ཏེ་སློབ་གསོའི་གལ་ཆེན་རང་བཞིན་ལ་གཙིགས་ཆེན་བཟུང་ནས་སློབ་ལོ་རན་པའི་ཕྲུ་གུ་སློབ་གྲྭར་བསྐྱལ་བ་དང་། ཞིང་སྡེའི་སྨན་བཅོས་འགན་སྲུང་མ་ལག་ནང་ཞུགས་པ། དབང་པོ་སྐྱོན་ཅན་དང་དབུལ་སྐྱོར་གྱི་བྱ་བར་ཞུགས་ནས་འཆམ་མཐུན་སྤྱི་ཚོགས་ལ་ཚང་དགོས་པའི་ཆ་རྐྱེན་རྣམས་གོམ་སྟབས་རེ་རེའི་ངང་ནས་འགྲུབ་བཞིན་ཡོད།

    གཟའ་འཁོར་གཅིག་རིང་གི་དུས་ཚོད་འདི་དེ་རིང་ནས་མཇུག་རྫོགས་ལ། ཡུལ་འདིར་ཁྱོན་ཡོངས་ནས་གོང་རིམ་གྱིས་འགོ་ཁྲིད་མཛུབ་སྟོན་དང་རོགས་སྐྱོར་འོག་ཚང་མས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་འདི་གནད་དུ་བཟུང་ནས་གོམ་སྟབས་ཆེན་པོས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པས་མི་དམངས་མང་ཚོགས་ཀྱི་འཚོ་བ་ལ་ཡར་རྒྱས་ཆེན་པོ་ཐོབ་ཡོད་པ་འདི་ནི་ད་རེས་ང་ཕ་ཡུལ་དུ་ལོག་པའི་མཐོང་ཐོས་དང་ངའི་ཆེད་རྩོམ་འདིའི་བརྗོད་བྱ་གཙོ་བོ་དེ་ཡིན། དེ་རིང་ངས་འགྱུར་ལྡོག་འདི་དག་ཡིག་ངོས་སུ་བཀོད་ནས་དཔེར་མཚོན་རང་བཞིན་གྱི་ཁྱིམ་ཚང་འགའི་གནས་ཚུལ་དངོས་བརྗོད་པའི་ལམ་ནས་སྤྱིར་བཏང་གི་བྱ་བ་ཞིག་གིས་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་ཤུགས་ཀྱིས་མཚོན་ཐབས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཡང་དག་པའི་སྲིད་ཇུས་ཀྱིས་ཕ་ཡུལ་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད་པ་དང་དེར་ལོངས་སུ་སྤྱོད་ཐུབ་ཡོད་པ་དེ་བྲིས་པ་ཡིན།།


  • ལེ་ཚན་སྔོན་མ།:སློབ་ཆུང་གི་སྐད་ཡིག་དགེ་རྒན་རྣམས་ལ་སྐད་ཅིག་སྐུར།
  • ལེ་ཚན་རྗེས་མ།:མྱ་ངན།