དྲན་པ་རི་ལ་སྤུངས་ཡོད།

ཉི་ཚེ།        2018-11-02

ངའི་ཆེས་ཐོག་མའི་མིག་ལ་ཆགས་པའི་སེམས་ཁོང་གི་མི་དེ་ཁྱོད་ཡིན་ཞེས་ལན་མང་པོར་འབོད་འདོད་ཀྱང་། ང་ལ་དེ་འདྲའི་སྤོབས་པ་དང་དཔའ་གདེང་མི་འདུག་པས། ངས་སྔར་བཞིན་ཨུ་ཚུགས་ཀྱིས་མནར་བའི་རང་ཉིད་ལ་ལེ་བདའ་མེད་པར། འཁོར་བའི་གྲུ་ཀ་ཞིག་ནས་རེ་སྨོན་དང་བཅས་ཁྱོད་རང་འདི་ལྟར་འཚོ་བ་ཡིན།

ཁྱེད་ཀྱི་མཛེས་སྡུག་དང་ལང་ཚོ་ནི་ངའི་སེམས་ཀྱི་དཔྱིད་ཀ་རུ་འཁྲུངས་ཤིང་། བཞིན་མདངས་དང་མཛེས་འཛུམ་ནི་འཚོ་བའི་ཕྱི་ནང་ལ་ཐིམ་ཡོད། ཡིན་ན་ཡང་འཇིག་རྟེན་གྱི་སྣང་བ་འཇའ་ཚོན་བཞིན་ཁ་དོག་རང་ཡིན་ཕྱིར། གཞན་བློའི་ཕར་ནང་ལ་ལག་སྙོབ་བྱེད་པའི་སྔོན་འགྲོའི་སྒྲ་དབྱངས་ཏེ་ད་དུང་མགྲིན་པར་འཁྱིལ་ནས་ཡོད། དེ་ལྟ་ནའང་བརྩེ་བ་རྣལ་མ་ཞིག་གིས་རང་སེམས་མནན་པའི་དུས་ཀྱི་སྔ་ཕྱིའི་བར་དུ། རང་བློ་གཙང་མ་འདི་ཉིད་ལམ་ནས་མ་བོར་ཞིང་། ད་ནི་ལོ་ངོ་གསུམ་གྱི་བཞི་ཤད་འགོད་མཚམས་ལ་ཐོན་དུས། ཅི་ཞིག་བོར་སོང་གི་སེམས་འཚབ་ལྗི་མོ་ཞིག ཁྱོད་ཀྱི་སྐྱེད་ཚལ་ལྟ་བུའི་མཛེས་སྡུག་གི་གླིང་ཀ་ནས་བྲལ་ཐབ་དཀའ་བས། ཤ་མཆིན་བར་གྱི་ཚིག་ཚོགས་ཀྱི་ལུག་ཁྱུ་མོད་པོ་དེ་ཁྱོད་སེམས་ཀྱི་སྤང་གཞུང་དུ་བསྐོར་ན་འདོད། སྙིང་ཉེ་ལགས་ང་ལ་ཅི་ཡང་མེད་ན་ཆོག་མོད། འོན་ཀྱང་ཁྱེད་སེམས་ཀྱི་བློ་ཁོག་དང་གཤིས་འཇམ་གྱི་གོམས་གཤིས་དེ་མེད་ན། ངའི་འཇིག་རྟེན་གྱི་འཁོར་བ་མུན་ནག་དང་འཚོ་བའི་ངོ་གདོང་འཁྱག་པ་རེད།

འཇིག་རྟེན་རྨི་ལམ་དུ་ཆགས་རྗེས་རི་ཀླུང་གི་ཁྱོན་ནས་བྱ་ཁྱུ་འཕུར་ཞིང་། དུས་ཚོད་ཀྱི་འཕོ་འགྱུར་ལས་ཡུན་རིང་དུ་བསྡམས་པའི་སྟོན་མཇུག་གི་སྡོང་ལོ་འཐོར། ང་རང་ཧ་ཅང་ཁེར་རྐྱང་གི་བསམ་གཞིག་ཁྲོད་ནས་ཁྱེད་ཀྱི་གཞིས་ཀ་རུ་ཆས་དུས་ད་གཟོད་ལོ་ཟླས་བསླང་བའི་དྲན་གདུང་གི་མིག་ཆུས་མཚེའུ་བསྐྱིལ། ཉི་འོད་ཀྱི་ཞགས་པས་ས་སྲོད་ཀྱི་སྐེད་པ་ལྷོད་དེ་ཕར་ཕར་ལ་གཡོལ་ཚེ་མུན་ནག་གི་ཡོལ་བས་དྲན་པ་ལྟ་བུའི་ས་གཞི་ལེབ་མོ་ཡུག་གཅིག་ཏུ་བཏུམ། འུག་པ་དང་སྦུ་རག་གི་མཚན་མོ་དལ་གྱིས་མཆེད་ཅིང་མི་སེམས་སྦར་བའི་བརྩེ་དུང་གི་གཏམ་རྒྱུད་རིང་དུ་བཞུར་ཚེ་ཚེ་སྲོག་གི་ངུ་ཤུམ་ཐོལ་ཏུ་འཐེན། དེ་ནི་ཁྱོད་ཀྱི་བྲང་ཁར་ལུས་པའི་མི་ཕོ་ཞིག་གི་རྣམ་ཤེས་དང་སྡུག་བསྔལ་གྱི་ཨ་ཐང་ཡིན། བཅོས་མིན་གྱི་བཞིན་མདངས་རྗེ་མོ་ཉིན་གཅིག་གི་གྱེས་ཁར་ཆས་ཚེ་ནང་སེམས་ཀྱི་རྩིག་པའི་བར་ལ་ལོ་མང་གི་རྡུལ་དྲག་གོས་སོང་། ཉི་ཟླ་ཡི་འཆར་ནུབ་མཚམས་སུ་མེ་པོ་བཞིན་མགུར་གླུ་འཐེན་ན་འདས་སོང་གི་ལོ་ཟླར་ཟགས་པའི་བརྩེ་དུང་གི་ལྷག་འཕྲོ་ཨེ་འབྲི། དགོད་འཛུམ་གྱི་སོ་འཕྲེང་ཐེངས་ཤིག་ནད་ཁྲི་འདིའི་འཁྲིས་སུ་འཕོས་སམ། ཁྱེད་ཉིད་ཀྱི་ལུས་དྲིས་བཟི་བའི་ཁ་སང་གི་མི་སེམས་དེ་ལ་ཉིན་མཚན་གྱི་སྟེང་འོག་མེད་པས་ཞེ་གཏིང་གི་ལོ་མ་དམར་པོ་མཚོ་ངོགས་ཀྱི་རླབས་རིས་དང་འདྲེས་སོང་། ང་ཡི་སྙིང་སྡུག ང་ཡི་འཇིག་རྟེན་ན་འཛུམ་པའི་མེ་ཏོག་རྐང་གཅིག།


  • ལེ་ཚན་སྔོན་མ།:སྙན་ངག་པ་རྩེ་རིག་གྲོལ་གྱི་སྙན་ངག་བཀླགས་པ།
  • ལེ་ཚན་རྗེས་མ།:ཕ་ཡུལ།