ཨ་ཉི་རྡོར་བྷ། 2018-09-07
ཚེ་རིང་རྣམ་དྲུག་བྱ་བ་ནི་ཆོས་ལུགས་ཀྱི་མཚོན་རྟགས་རི་མོ་ཞིག་སྟེ། བོད་པའི་ཁྱིམ་ཚང་མང་བོར་རྟག་ཏུ་མཐོང་ཐོབ། དེ་ཡང་བྲག་ཚེ་རིང་དང་། ཤིང་ཚེ་རིང་། མི་ཚེ་རིང་། ཆུ་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་བཅས་ཆོས་མི་འདྲ་བ་དྲུག་ལས་གྲུབ། མཛེས་ཤིང་སྡུག་ལ་ཡིད་དུ་འོང་བའི་ཚེ་རིང་བ་དྲུག་གི་རི་མོ་འདི་ནི་མིག་ལ་མཛེས་པ་ཁོ་ན་ཙམ་མ་ཡིན་པར་སྒྱུ་རྩལ་གྱི་སྣང་བརྙན་ཁྱད་པར་བ་ཞིག་ཡིན་པས་ང་ཚོར་མི་དང་རང་བྱུང་ཁམས་ཆེན་པོའི་གསང་བ་དང་ཆོས་ཉིད་གལ་ཆེན་མང་བོ་སྟོན་ཐུབ།
ཚེ་རིང་བ་རྣམ་པ་དྲུག་པོ་སོ་སོར་བཤད་ཚུལ་མཆིས་ཏེ། དང་བོ་བྲག་ཚེ་རིང་ནི་སྔོན་གྱི་དུས་སུ་མ་ཧཱ་ཙི་ནའི་ཡུལ་གྲུ་ཆེན་པོའི་རྣམ་དག་བདེ་ཆེན་གྱི་ཚལ་ཞེས་བྱ་བ། དབེན་ཞིང་ཉམས་དགའ་བ་སྤྲུལ་པའི་བཟོ་བོས་བྱས་པ་ལས་ཀྱང་མཛེས་པའི་ཡུལ་དེའི་དབུས་སུ། བསྐལ་པ་ཆགས་པའི་ཐོག་མར་བྱུང་བའི་བྲག་རི་དུང་དཀར་དབྱིབས་སུ་འཁྱིལ་བའི་རྣམ་པ་ཅན། སྲིད་པའི་འཇིག་པའང་མི་སྙམ་པ་ལྟར་བརྗིད་ཅིང་རབ་ཏུ་བརྟན་པ། སངས་རྒྱས་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་གནས།རྩེ་མོ་མཁའ་ལ་བསྙེགས་པ། སྐྱེ་བོ་ཕལ་བ་རྒྱུ་བའི་སྐབས་དང་བྲལ་ཞིང་འཆི་མེད་ཚེ་ཡི་སྒྲུབ་ཆུ་རྒྱུན་དུ་འབབ་པ་ཞིག་ཡོད་པ་དེར་འབོད་པར་སྐད་ལ། དབེན་ཞིང་འཇགས་པའི་བྲག་དེའི་དྲུང་དུ་འཆི་མེད་ཚེའི་དངོས་གྲུབ་བརྙེས་པ། མི་ལོ་སྟོང་ལ་ཉེ་བར་བསྒོམས་པས་འབྱུང་བ་བཞི་ལ་རང་དབང་ཐོབ་པའི་རིག་འཛིན་གྱི་དྲང་སྲོང་ཆེན་པོ་སྨ་ར་དང་སྨིན་མ་དུང་ལྟར་དཀར་ཞིང་། དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཀ་པེད་ཀྱི་ཚེ་བུམ་དར་གྱི་མགུལ་ཆིངས་ཅན་གྱིས་བརྒྱན་པའི་ཕྱག་འཁར་དང་། གཡོན་དུ་མི་ལོ་སྟོང་ལས་སྨིན་པའི་ལྷའི་ཁམ་བུ་བསྣམས་ཏེ་སྦྱིན་པའི་ཚུལ་གྱིས་བཞུགས་པ་དེ་མི་ཚེ་རིང་དུ་ངོས་འཛིན། ཆུ་ཚེ་རིང་ནི་དྲང་སྲོང་ཆེན་པོ་དེའི་སྐུ་གསུང་ཐུགས་ཀྱི་བྱིན་མཐུ་ལས། རྒྱབ་ཀྱི་བྲག་དུང་འདྲ་བའི་འཁྱིལ་ཁུག་ནས་རྒ་ཤི་མེད་པའི་བཅུད་ལེན། ཡན་ལག་བརྒྱད་ལྡན་ཚེའི་སྒྲུབ་ཆུ་རྒྱུན་མི་ཆད་པར་སྐྱེ་དགུའི་ཚེ་སྲོག་འཚོ་བའི་གཉེན་དུ་འབབ་པ་དེ་ཡིན། ཤིང་ཚེ་རིང་ནི་ཚེ་རིང་བའི་ཤིང་མྱ་ངན་མེད་པའི་རྩ་བ་བརྟན་ཅིང་ཡལ་ག་དང་ལོ་འདབ་རྒྱས་པ། མེ་ཏོག་གིས་མཛེས་ཤིང་འབྲས་བུ་ཁུར་དུ་ལྕི་བ།འགྲོ་ཀུན་ཚ་གདུང་སེལ་བྱེད་ཀྱི་གཉེན་དུ་བརྗིད་པ། དེའི་བསིལ་གྲིབ་རེག་པའམ་འབྲས་བུ་མྱོང་བའི་སྐལ་བ་ཙམ་ཐོབ་ནའང་ཚེ་བསྲིངས་ཏེ་ཚེ་ལོ་མཐར་ཕྱིན་པར་འགྱུར་བར་བཤད་པ་དེ་ཡིན། དྲང་སྲོང་ཆེན་པོ་དེའི་ཁྱམས་ཀྱི་ར་བ་ན། རྒྱུན་པར་ཟང་ཟིང་གི་སྦྱིན་པ་དང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་གཡབ་མོ་ལ་བརྟེན་ནས། སྤུ་སྡུག་འདབ་ཆགས་ཚོགས་ཀྱང་འདུ་བར་གྱུར་བ་ལས། ལྷ་བྱ་ཁྲུང་ཁྲུང་གངས་ལ་ཟླ་འོད་ཕོག་པ་ལྟར་ཁ་དོག་མཛེས་ཤིང་བཟང་བ། མགྲིན་པ་དང་རྐང་པ་རིང་བ། དཀར་ནག་མངོན་པར་བཀྲ་ཞིང་རིན་ཆེན་གྱི་ཏོག་དམར་པོས་སྤྱི་གཙུག་སྤུད་པ་ཟུང་ཡོད་པ་དེ་ནི་བྱ་ཚེ་རིང་ཡིན། རི་དྭགས་ཚེ་རིང་ནི་དྲང་སྲོང་གང་དེའི་བཞུགས་གནས་དང་མི་རིང་བའི་སར་སྤང་གཞོངས་གཡུའི་མེ་ལོང་འདྲ་བ་ལ་རི་དྭགས་རུ་རུའམ་ཤྭ་བ་རྭ་བཅུ་ཡོངས་སུ་རྒྱས་པ་ཡུ་མོ་དང་རྩེན་བཞིན་དུ་འགྲོགས་ཤིང་བག་ཕེབས་ཏེ་རྩྭ་ཆུར་ལོངས་སྤྱོད་ལ་རོལ་བར་བཤད་པ་སོགས་རི་མོའི་ནང་དོན་བརྗོད་པའི་རྩོམ་ཡིག་གང་མང་མཆིས།
ས་ཁམས་རིག་པར། སའི་གོ་ལའི་ཕྱི་རོལ་ནི་མུ་ཁྱུད་ཆེན་པོ་བཞི་ཡིས་གྲུབ་པར་བཤད་པ་སྟེ། བྲག་རྡོའི་མུ་ཁྱུད་དང་ཆུའི་མུ་ཁྱུད། རླུང་ཁམས་ཆེན་མོའི་མུ་ཁྱུད། སྐྱེ་དངོས་མུ་ཁྱུད་བཅས་ཁྱུ་རིམ་བཞིའི་ཆགས་གཞི་དང་ཚེ་རིང་རྣམ་དྲུག་གི་བཤད་ཚུལ་གཉིས་མཐུན་པོ་འདུག དེང་གི་སྐྱེ་དངོས་རིག་པའི་ཁྲོད་དུ། སྐྱེ་དངོས་ལ་རྩི་ཤིང་དང་སྲོག་ཆགས་གཉིས་སུ་ཕྱེས་པ་ལས་རི་དྭགས་ཚེ་རིང་དང་བྱ་ཚེ་རིང་། མི་ཚེ་རིང་བཅས་སྲོག་ཆགས་སུ་གཏོགས་ལ། ཤིང་ཚེ་རིང་ནི་རྩི་ཤིང་གི་ཁོངས་སུ་གཏོགས། བྲག་ཚེ་རིང་ནི་བྲག་རྡོ་དང་། ཆུ་ཚེ་རིང་ནི་ཆུའི་མུ་ཁྱུད་ལ་གཏོགས། རླུང་ཁམས་ཆེན་མོ་ནི་སའི་གོ་ལར་གནས་པའི་ཚེ་སྲོག་ཡོད་ཚད་ཀྱི་གཞི་རྩའི་ཆ་རྐྱེན་ཡིན་དེ། ཚེ་རིང་རྣམ་དྲུག་གནས་པ་ལ་རླུང་ཁམས་ཆེན་མོའི་ཆ་རྐྱེན་དངོས་པར་མཁོ། དེ་བས། ད་བར་རིག་ཚན་གསར་བའི་ཁྲོད་བཤད་པའི་སྐྱེ་ཁམས་ཁོར་ཡུག་གི་ཆགས་གཞི་དང་ཚེ་རིང་རྣམ་དྲུག་ལས་བསྟན་པའི་སྐྱེ་ཁམས་རིག་གནས་ཀྱི་དོན་སྙིང་གཉིས་མཐུན་པོ་རེད།
བྲག་ཚེ་རིང་སྟེ། འཛིན་མའི་ཁྱོན་འདིར་གཏེར་ཁ་སོགས་རིན་པོ་ཆེ་སྣ་ཚོགས་དང་རང་བྱུང་གི་ཐོན་ཁུངས་མང་བོ་ཡོད་ལ། ས་གཞི་ལ་བཅུད་འཛོམས་ན་འབྲུ་རིགས་སྣ་ལྔ་དང་རྩྭ་ཆུ་སོགས་ལ་ཕན་པ་ངེས་ཅན་ཞིག་ལྡན། དེ་ལྟར་ན། མི་ཚེ་རིང་སྟེ། འཇིག་རྟེན་འདིར་འཚོ་བའི་འགྲོ་བ་མི་བདེ་ཐང་དང་བདེ་སྐྱིད་ངང་ནས་གནས་ཐུབ། རང་བྱུང་ཁམས་ཆེན་པོ་འདིའི་སྟེང་འཚོ་བའི་སེམས་ཅན་དང་སྐྱེ་དངོས་ལ་གནོད་འཚེ་མི་བྱ་ཞིང་། འདྲ་མཉམ་རང་དབང་གི་འཚོ་བ་ལ་ལོངས་སྤྱོད་པ། རི་དྭགས་དང་བྱ་བྱིའུ་སོགས་ལ་མཐུན་སྒྲིལ་དམ་པོའི་ངང་སྐྱིད་པའི་འཚོ་བར་རོལ་བ། འཇིག་རྟེན་འདི་དང་རང་བྱུང་ཁམས་ཆེན་མོར་ཆུ་ནི་མེད་དུ་མི་རུང་བ་ཞིག་ཡིན་སྟེ། སྐྱེ་དངོས་ཐམས་ཅད་བསྐྱེད་པའི་མ་མ་དང་སྲོག་ལྡན་ཀུན་གྱི་བཏུང་བྱ་ཡིན་ལ།གལ་ཏེ་འཇིག་རྟེན་འདིར་ཆུ་དང་བྲལ་ན་ཆགས་གནས་དང་འཚོ་གནས་ཅི་ཡང་བྱ་མི་ཐུབ་པར་འཇིག་རྟེན་སྟོང་བར་འགྱུར་རོ། ཤིང་ཚེ་རིང་ནི་སྐྱེ་དངོས་སྤྱི་ལ་གོ་དགོས་སྟེ། མིའི་རིགས་ལ་གནོད་པའི་ཐན་པ་དང་བྱེ་རླུང་འགོག་ཐུབ་ལ། སྲོག་ལྡན་སྤྱི་ལ་མཁོ་བའི་མཁའ་དབུགས་གཙང་མར་བཟོ་ཐུབ། རང་བྱུང་ཁམས་ཆེན་པོར་བཅུད་ལྡན་མིན་ཡང་སྐྱེ་དངོས་ཡོད་མེད་ལ་ཐུག་ཡོད། རྩི་ཤིང་ལ་སྲུང་སྐྱོབ་བྱས་ན་ཆུ་དགྲ་དང་གནོད་འཚེ་གང་མང་ཞིག་འགོག་ཐུབ། བྱ་ཚེ་རིང་ནི་འདབ་ཆགས་སྤྱི་ལ་ངོས་འཛིན་དགོས་ཏེ། འདབ་ཆགས་ནི་མེད་དུ་མི་རུང་སྟེ་མིའི་རིགས་ལ་ཕན་འདོགས་པའི་འདབ་ཆགས་ཡང་མང་བོ་ཡོད། རི་དྭགས་ཚེ་རིང་ནི་རི་སྐྱེས་སྲོག་ཆགས་སྤྱི་ལ་ངོས་འཛིན། མིའི་རིགས་ཀྱི་ལུས་ཁམས་གསོ་བའི་སྨན་སྣ་རིགས་ཡོད་དེ། བསེ་རུའི་རྭ་དང་གླང་བོ་ཆེའི་མཆེ་བ། ཤྭ་བོ་ཁྲག་རྭ་སོགས་རིན་ཆེན་སྣ་ཚོགས་ཀྱང་མཆིས། སྲོག་ཆགས་ལ་སྲུང་སྐྱོབ་བྱས་ན་ཕན་པ་ཡོད་པ་ཆོས་དང་ཚན་རིག་གཉིས་ན་མང་དུ་བརྗོད། མདོར་ན། ཚེ་རིང་རྣམ་དྲུག་གིས་སྐྱེ་ཁམས་ཁོར་ཡུག་གི་མ་ལག་རིང་བཞིན་དང་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་དམ་ཟབ་མཆིས་པའི་ཚུལ་གསལ་བོར་བསྟན་འདུགཡིན་ཏེ། ང་ཚོས་སྐྱེས་དངོས་ལ་སྲུང་སྐྱོབ། རི་དྭགས་དང་བྱ་བྱིའུ་ལ་གནོད་འཚེ་མི་བྱ་བ། ཞི་བདེ་དང་མཐུན་སྒྲིལ་གྱི་ལུགས་བཟང་དགོས་པ། སྐྱེ་ཁམས་ཀྱི་མ་ལག་རང་བཞིན་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱས་ན་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ཀྱང་ཡུན་རིང་དུ་གནས་པའི་གནས་ལུགས་ཚན་རིག་དང་མཐུན་ལ་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་སྒོ་ནས་ཤེས་ཐུབ། རི་མོའི་སྒྱུ་རྩལ་གང་ཡིན་རུང་དེར་ཁྱད་ཆོས་ཉིང་བསྡུས་ཀྱི་མཚོན་བྱ་རེ་ཡོད་ངེས། མཚོན་བྱ་དེ་རི་མོའི་སྒྱུ་རྩལ་གྱི་མཐར་ཐུག་གི་དམིགས་ཡུལ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཡིན་ལ། མཛེས་དཔྱོད་ཀྱི་ལྟ་བའང་རེད། རི་མོའི་སྒྱུ་རྩལ་ཡོད་མེད་ལྷ་སྒྲུང་ཙམ་དང་ངག་རྒྱུན་ལས་བརྒལ་ཏེ་ཚན་རིག་དང་དོན་དངོས་གཞིར་བཟུང་ནས་བརྟག་ཅིང་དཔྱད་ན་འདི་ལྟར་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་ཡོད་སྲིད།
བཟོ་ལས་ཕྱི་མའམ་དེང་རབས་རིང་ལུགས་དང་དེང་རབས་རིང་ལུགས་ཕྱི་མའི་ངོ་བོ་ནི་རིག་གནས་ཀྱི་ངོ་བོའི་འགྱུར་ལྡོག་ཅིག་སྟེ། རིག་གནས་ལ་ཟབ་ཚད་མི་དགོས་པར་སྟབས་བདེ་ཡིན་དགོས་པར་བཤད། དཔེར་ན། ཧོར་གླིང་གཡུལ་འགྱེད་གྱི་སྒྲུང་དཔེ་ཤོག་ལྷེ་བརྒྱ་ཕྲག་ཅིག་ལ་ཀློག་པ་ལས་ཧོར་གླིང་གཡུལ་འགྱེད་སྐོར་བརྗོད་པའི་གློག་བརྙན་ཆུ་ཚོད་ཁ་ཤས་ཅན་ཞིག་ལ་ལྟ་བ།ཆུ་ཚོད་ཁ་ཤས་སྤྱད་ནས་གློག་བརྙན་ལ་ལྟ་བ་ལས་སྐར་མ་ཁ་ཤས་སྤྱད་དེ་ཧོར་གླིང་གཡུལ་འགྱེད་མཚོན་པའི་གླུ་དབྱངས་ཤིག་གམ།ཡང་ན། པར་རིས་ཤིག་ལ་ལྟ་བ་རྒྱུག་ཆེ་བར་བཤད། དེ་ལྟར་ན། ང་ཚོས་རང་གི་རིག་གནས་ཀྱི་ངོ་བོ་མ་ཡལ་བའི་རི་མོ་མང་བོ་བརྒྱུད་དེ་སོ་སོའི་ཁོར་སྲུང་གི་འདུ་ཤེས་ཇེ་ཟབ་དང་ལྷག་པར་དུ་ན་གཞོན་དག་ལ་རང་གི་རིག་གནས་སེམས་ཁམས་དང་ལྡན་པའི་སྐྱེ་ཁམས་སྐྲུང་སྐྱོབ་ཀྱི་མ་ལག་རིང་བཞིན་ལ་ངོས་འཛིན་གསལ་བོ་ཡོང་བར་བྱ་རྒྱུ་ནི་གལ་ཆེ་སྟེ།
མི་དང་རང་བྱུང་ཁོར་ཡུག་གི་འཆམ་མཐུན་མཉམ་གནས་ལ་བརྩི་སྲུང་བྱེད་ན་འབྱུང་ཁམས་དོ་མཉམ་གནས་པ་དང་ཚེ་བསྲིངས་བར་བྱེད་པ། ཆར་ཆུ་དུས་སུ་འབེབས་ཤིང་། ལོ་ཕྱུགས་ལེགས་པ། ཚ་གྲང་སྙོམས་པ། ཡུལ་ཁམས་ལྟ་ན་སྡུག་པ། ཤེས་རིག་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་ཧྲིལ་བོའི་དག་གཙང་གིས་རྒྱུན་མཐུད་འཕེལ་རྒྱས་ལ་ཐག་གཅོད་ཀྱི་ནུས་པ་ཐོན་པ་སོགས་ད་བར་གོ་ལ་ཧྲིལ་བོར་འཕྲད་དཀའ་གནད་གལ་ཆེན་ཞིག་སེལ་ཐུབ།
སྐྱེ་ཁམས་ནི་སྐྱེ་དངོས་ཕན་ཚུན་བར་དང་། སྐྱེ་དངོས་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་བར་གྱི་འབྲེལ་བ་ལ་ཟེར་བ་ཡིན་ཞིང་། ཁོར་ཡུག་གི་གོ་དོན་ནི་ས་ཁམས་ཁོར་ཡུག་ཙམ་ལ་གོ་ན་མི་འགྲིག་སྟེ། དེ་ལ་རང་བྱུང་ཁོར་ཡུག་དང་དཔལ་འབྱོར་ཁོར་ཡུགསྤྱི་ཚོགས་རིག་གནས་ཁོར་ཡུག་བཅས་སུ་ བཀར་ཆོག དེ་བས། ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་རང་བཞིན་དང་མ་ལག་རང་བཞིན་ལ་ངོས་ཟིན་གསལ་བོ་ཡོང་རྒྱུ་དང་། ལྷག་ཏུ། ཚེ་རིང་རྣམ་དྲུག་གི་རྒྱབ་ལོགས་སུ་བོད་རང་གིས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་རིག་གནས་རྨ་མེད་པ་ཞིག་མཆིས་ལ། སྐྱེ་ཁམས་ཀྱི་གནད་དོན་ནི་མིའི་རིགས་ཀྱི་གནད་དོན་ཡིན་ལ། འགྲོ་བ་མི་ཡི་ཚེ་ཚད་དང་འབྲེལ་བ་དམ་ཟབ་སྣང་བ། མཚོ་བོད་མཐོ་གཞོང་གི་ས་ཁམས་གནས་ཡུལ་དང་རིག་གནས་ཀྱི་ངོ་བོ་གང་ལ་བལྟས་ཀྱང་གོ་ལ་ཡོངས་ཀྱི་སྐྱེ་ཁམས་དོ་མཉམ་དང་རྒྱུན་མཐུད་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་པ་སོགས་ཞར་ལ་ཤེས་ཏེ། མི་རིགས་རང་གི་རི་མོ་དང་བཅས་བའི་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་མང་བོར་སྲུང་སྐྱོབ་བགྱི་བ་ནི་མདོར་ན་སྐྱེ་ཁམས་ཁོར་ཡུག་སྤྱི་ལ་འགན་ཁུར་བ་ཡིན་པའི་ངེས་ཤེས་ཡོད་རྒྱུ་གལ་ཆེའོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10