མཚན་མོར་བྱང་ལུང་བརྒལ་ནས་བྱམས་པ་བཙལ།

ཁ་དྲག        2018-09-05

རྟ་ཡིས་ཆུ་འཐུང་མི་ཡིས་ཚིག་འཐུང་བའི།།

སྲོད་ཀྱི་སྐྱ་མི་གླིང་བུ་ཁེར་འབུད་ཅན།།

རླུང་བུ་ཤུར་ཤུར་ལྡང་བའི་ཉག་ཁ་ནས།།

མགོ་བོས་གྲིབ་མ་ཁུར་དུས་སྙིང་ཁ་ལྡིང་།།

 

མི་སྐད་ཁྱི་སྐད་འཇགས་པའི་བྱང་ལུང་འདིར།།

གྲི་དང་མདུང་ཁ་འཐབ་འདྲའི་བྲག་ཅ་མང་།།

རབ་མེད་ཆུ་བོ་གཅོད་པའི་སྤོབས་པ་འདི།།

ང་ཡི་བྱང་ལ་དོ་དགོང་སུ་ཡིས་བླུག །

 

ལུག་གི་འབའ་སྒྲ་མཆེད་སའི་སྡེ་ཞིག་ལ།།

ཐབ་ཀྱི་དུ་བའི་དྲི་ངད་འཁོར་བ་འདི།།

ཁྱོད་ཀྱི་ཨོང་བ་ཡིན་པ་ངེས་མེད་ཀྱང་།།

ང་ཡི་རྣམ་རྟོག་རྒྱལ་པོར་གཅུན་ཐབས་མེད།།

 

ནམ་མཁའི་ཟླ་བ་རབ་རིབ་མག་མོག་རེད།།

མཚེར་ས་འདི་ལ་ཆ་མེད་རྒྱུས་མེད་ཡིན།།

འབྲོག་པའི་རུ་སྐོར་ཁྲ་ཚོམ་མེ་ཏོག་འདྲ།།

བྱམས་པའི་རུམ་ཁ་དྲོན་མོ་གར་ཡོད་དམ།།


  • ལེ་ཚན་སྔོན་མ།:ཨ་ཕྱི་དང་ཨོང་བ།
  • ལེ་ཚན་རྗེས་མ།:ཚེ་རིང་རྣམ་དྲུག