ཨ་ཕྱི་དང་ཨོང་བ།

བོན་སྐོར་དོན་གྲུབ་ཚེ་རིང་།        2018-09-05

   ངའི་ཕ་ཡུལ་ནི་རྨ་ཆུའི་འགྲམ་རྒྱུད་ཀྱི་བྱེ་མ་ལུང་པ་ཞེས་པའི་རི་གྲོག་ཅིག་ཏུ་ཡོད་པར་མ་ཟད། ཁྱིམ་དུ་ཨོང་བ་འབར་རྫས་བྱེད་པར་ཤིན་ཏུ་དགའ་ཞིང་། ཤིང་སྡོང་དང་བྲ་མ་སོགས་ནགས་ཀྱི་རིགས་འབར་རྫས་བྱེད་པར་གཏན་ནས་མི་དགའ་བའི་ཨ་ཕྱི་བགྲེས་སོང་ཞིག་ཡོད།

ལོ་འགའི་སྔོན་ནས་བཟུང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྡོད་དམངས་འདུས་སྡོད་ཀྱི་སྲིད་ཇུས་གསར་བ་རབས་དང་རིམ་པ་བསྒྲགས་པས།ངེད་ཚང་ཡང་བྱེ་མ་ལུང་པ་ནས་སྡེ་གསར(སྡེ་གསར་ཞེས་པ་ནི་ཡར་སྔོན་རི་ལུང་ཐང་གསུམ་དུ་ཐར་ཐོར་གནས་པའི་རོང་འབྲོག་པ་མང་ཚོགས་ད་ནི་ཕྱོགས་གཅིག་ཏུ་བསྡུས་ནས་སོ་ཕག་དམར་པོའི་ཕུབ་པའི་ཁང་བའི་ཁྱིམ་གཞིས་ཅན་དེ་ཚོར་གོ་ཞིང་དེ་ཚོར་ཡང་མི་གོ)དུ་གནས་སྤོ་དགོས་བྱུང་སོང་ལ།ཨ་ཕྱིས་ཀྱང་ཁོང་མོའི་དགའ་སྐྱོ་ཆགས་སྡང་གི་རྔུལ་ཆུ་འཐོར་སའི་བྱེ་མ་ལུང་པ་ལ་གྱེས་ཕྱག་ཕུལ་ནས་སྡེ་གསར་དུ་ལོག་དགོས་བྱུང་།

   སྡེ་གསར་དུ་བསླེབས་རྗེས། ཁྱིམ་ཚང་ལ་ལས་བ་མོ་གཅིག་རེ་གསོས་ཡོད་པ་མ་གཏོགས། སྒོ་ཕྱུགས་གཅིག་ཀྱང་མེད་པས་ཨོང་བ་དང་རིལ་མ་ཅན་གྱི་ཁྱིམ་ཚང་ཧ་ཅང་ཉུང་། དགུན་དཔྱིད་ཀྱི་དུས་སུ། ངའི་ཨ་ཕྱི་གློག་གི་ཐབ་ཀ་ཞིག་གི་འགྲམ་དུ་བསྡད་ཡོད་ནའང་། ཁོང་མོས་ཨོང་བའི་མེ་ལྕེ་དམར་པོ་ཚ་ལམ་ལམ་དུ་མཆེད་པའི་ཐབ་ཀ་ཞིག་མེད་ཚེ་དགུན་དཔྱིད་ཀྱི་གྲང་ངར་ཆེ་བའི་ཉི་མ་འདི་འཁྱོལ་དཀའ་ཨང་ཞེས་སྡུག་སྨྲེ་འདོན་བཞིན་ཡོད། ཐེངས་ཤིག་ངའི་ཨ་ཕ་ཉེ་འཁོར་གྱི་འབྲོག་སྡེ་ཞིག་ལ་སོང་སྟེ་ཨོང་བ་སྒྱེ་འགའ་དྲུད་འོང་བར་ཨ་ཕྱི་དགའ་ཐག་ཆོད་དེ་གཉེར་མས་ཁེངས་པའི་གདོང་ལ་དབྱར་གྱི་འཇའ་ཚོན་ལྟ་བུའི་འཛུམ་མདངས་ཤིག་མངོན་བྱུང་། སྐབས་དེར། ངས་ཨ་ཕྱི་ལ་ཨ་ཕྱི་ལགས། ཁྱེད་ཀྱིས་ང་ཚོས་ཤིང་སྡོང་སོགས་ནགས་ཚལ་གྱི་རིགས་འབར་རྫས་བྱེད་པར་མོས་མཐུན་མི་བྱེད་ཅིང་། ཨོང་བ་ཁོ་ན་འབར་རྫས་བྱེད་པར་དེ་འདྲའི་མཐོང་ཆེན་བྱེད་དོན་ཅི་ཡིན་ནམ་ཞེས་དྲིས་པ་ན། ཨ་ཕྱིས་གཅེས་ཕྲུག ཁྱོད་ཀྱིས་ཡི་གེ་ལ་ཧུར་བརྩོན་བྱས་ཚེ་དེའི་རྒྱུ་མཚན་ཤེས་པ་རེད་ཅེས་ཟེར་བ་ལས་གཞན་གང་ཡང་མི་བཤད་པར་ད་ལྟ་ཏང་གི་སྲིད་ཇུས་ཇེ་ཡག་ནས་ཇེ་ཡག་ཡིན་སྒང་འདིར། རི་ལུང་ཐང་གསུམ་ནས་ཨོང་བ་འཐུ་བ་ལ་རིན་གོང་ཞིག་སྤྲོད་དགོས་པ་ཅི་ཡིན་ནམ་ཟེར།

   ང་སློབ་གྲྭ་ཆེན་མོར་སོང་རྗེས། ཨ་ཕྱི་གཙོས་ཕ་མ་ཕུ་ནུ་དང་ཁ་ཐག་ཇེ་རིང་དུ་ཕྱིན་པས། ངས་རྒྱུན་དུ་ཨ་ཕ་ཨ་མར་ཁ་པར་གཏོང་དུས། ཨ་མས་ཁ་པར་གྱི་སྐུད་སྣེ་ནས་ཕ་ཡུལ་གྱི་ཡོད་ཚད་བདེ་ཞིང་སྐྱིད་པོར་ཡོད་ཅེས་བཤད་རྗེས། སེམས་ཁྲལ་གྱི་རབ་ཏུ་མནོན་པའི་སྐད་གདངས་ཤིག་གིས་ཁྱོད་ཀྱི་ཨ་ཕྱིས་ཉིན་རྒྱུན་དུ་འུ་ཚང་གི་ཐབ་ཀའི་ནང་ཨོང་བ་འབུད་རྒྱུ་མེད་པའི་དོན་དེར་འཁང་ར་བྱེད་ཀྱི་ཡོད་པར་མ་ཟད། ཁོང་མོར་རྡོ་སོལ་གྱི་དུ་བས་གནོད་ཅིང་གློག་ཆས་ལ་མི་གོམས་པའི་དབང་གིས་ད་ལྟ་སྐུ་གཟུགས་ཉམ་ཞན་དུ་འགྱུར་གྱི་ཡོད་ལ། དེ་ལས་ཀྱང་མཚན་གུང་གློ་ལུ་བྱས་ནས་གཉིད་མི་ཁུག་པའི་གནས་ཚུལ་དེ་ཇེ་སྡུག་ལ་འགྲོ་བཞིན་འདུག་ཅེས་བརྗོད་ཡོང་ཐེངས་རེར། ངའི་སེམས་ཀྱི་ག་ཤེད་ཅིག་ནས་ན་ཟུག་དྲག་ཏུ་ལྡང་ཡོང་།

   ངའི་སློབ་གྲོགས་ལྕགས་མོ་སྐྱིད་ཀྱིས་མོའི་ཕ་ཡུལ་ནི་རི་མཐོན་པོ་ཞིག་གི་ཕ་རོལ་ཏུ་ཡོད་པའི་འབྲོག་སྡེ་ཞིག་ཡིན་ཞིང་། དེ་རུ་ནོར་ལུག་ཧ་ཅང་མང་ཞེས་བཤད་མྱོང་བས། ངས་ལྕགས་མོ་སྐྱིད། ངའི་ཨ་ཕྱི་ནི་ཨོང་བ་འབར་རྫས་བྱེད་པར་ཧ་ཅང་དགའ་བོ་ཡོད་པས་ཁྱེད་ཀྱིས་ང་ལ་ཨོང་བ་སྒྱེ་འགའ་ཡིས་རོགས་རམ་བྱས་ན་ཆོག་གམ་ཞེས་བཤད། མོས་དེ་ནི་ཧ་ཅང་དོན་དག་སླ་མོ་ཞིག་རེད་ཅེས་ཟེར་ཞིང་། མཐུད་ནས་ཁྱོད་ཀྱི་ཨ་ཕྱི་ཅིའི་ཕྱིར་ཨོང་བ་མ་གཏོགས་ཤིང་སྡོང་སོགས་འབར་རྫས་བྱེད་པར་མི་དགའ་བ་རེད་ཅེས་འདྲི་དུས། དེ་ངས་ཀྱང་གསལ་བོ་མི་ཤེས་ཞེས་བཤད་པ་ཡིན།

  སློབ་གྲྭར་གུང་གསེང་བཏང་རྗེས། ང་ནི་ངའི་སློབ་གྲོགས་ལྕགས་མོ་སྐྱིད་ཚང་ལ་ཨོང་བ་ལེན་དུ་སོང་བ་ཡིན།

  སློབ་གྲོགས་ལྕགས་མོ་སྐྱིད་ཀྱི་ཨ་ཕས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་སུ་ལས་ཀ་ལས་བཞིན་ཡོད་ཟེར། ང་ཁོང་ཚང་ལ་འབྱོར་བའི་ཉིན་དེར་ཁོང་གིས་ད་ནི་ང་ཚོའི་ས་ཆ་འདི་རུའང་ཨོང་བ་མང་པོ་འཐུ་རྒྱུ་མེད། འབྲོག་པ་མང་ཆེ་བས་ཕྱུགས་ཟོག་འཚོ་མཚམས་བཞག་ནས་ཚོང་ལས་གཉེར་བ་དང་ཟ་ཁང་དང་ཇ་ཁང་གཉེར་བ། དབྱར་རྩྭ་དགུན་འབུ་རྐོ་བ། ཟོང་སྐྱེལ་རླངས་འཁོར་སྐོར་ནས་ཡར་མར་ལ་དངོས་ཟོག་སྐྱེལ་བ་སོགས་བྱེད་པས་ནོར་ལུག་འཚོ་མཁན་ཉུང་ལ། ད་དུང་ལོ་འདི་གར་ང་ཚོའི་ས་ཆ་འདི་རུ་ཨོང་བ་དང་རིལ་མ་ཉོ་མཁན་འགའ་རེའང་མཚམས་ལན་རེར་སླེབས་འོང་བས། འབྲོག་པ་ཚོས་ཀྱང་རང་རང་གི་རྩྭ་སའི་སྟེང་གི་ཨོང་བ་དང་རིལ་མ་གང་འདོད་དུ་གཞན་ལ་སྟེར་གྱི་མི་འདུག་ཟེར་ཞིང་། དེ་ནས་ཁོང་གིས་ཀོ་ཁུག་ནག་པོ་ཞིག་གི་ནང་ནས་ཚགས་པར་འགའ་ཕྱིར་བཏོན་ནས་ངའི་ལག་ཏུ་བཞག་བྱུང་། ཚགས་པར་དེ་ནི་ཁོང་ཚོའི་ལས་ཁུངས་ཀྱིས་ཉིན་འདི་འགར་གསར་དུ་དཔར་བ་ཡིན་ཟེར། མ་གཞི་ཚགས་པར་དེ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་ཚགས་པར་ཞིག་རེད།

   ངས་ཞིབ་ཏུ་བལྟས་པ་ན། ཚགས་པར་དེའི་པར་ངོས་དང་པོའི་ངོས་སུ་ཚན་རིག་པས་ཨོང་བར་ནད་དུག༣༠༠ཙམ་གསོད་པའི་ནུས་པ་ལྡན་པར་བརྗོད་འདུག་ཅེས་པའི་ཁ་བྱང་ཞིག་བཀོད་འདུག་ཅིང་།དངོས་གཞིའི་ནང་དོན་ནི་འཇར་པན་གྱི་ཚན་རིག་པMayuyamamotoཞེས་པའི་ཞིབ་འཇུག་འབྲས་བུ་ལྟར་ན། བོད་དང་སོག་པོ་སོགས་ས་མཐོ་ཆུ་གཙང་གི་ཡུལ་དུ་འཚོ་བའི་ནོར་ནག་གི་ཨོང་བར་ནད་དུག་རིགས༣༠༠ལྷག་གསོད་པའི་ནུས་པ་ལྡན་པ་ར་སྤྲོད་བྱུང་ཡོད་ཅིང་། ནུས་པ་དེ་ལྡན་པའི་རྒྱུ་མཚན་གཙོ་བོ་ནི་ནོར་གྱི་གཟན་རྩྭ་ནི་འབག་བཙོག་མ་ཐེབས་པའི་རང་བྱུང་གི་སྨན་ལྡུམ་ཡིན་པས་རེད་ཅེས་འགྲེལ་བརྗོད་བྱས་འདུག་ཅེས་བཀོད་འདུག་པར་ཟད། དེའི་འགབ་ཏུ་ཁ་སྣོན་གྱི་ཚུལ་དུ། རྒྱ་གར་གྱི་སྨན་པ་དང་འབུམ་རམས་པ་ཤཱར་མ་ཞེས་པས་ཨོང་བའི་ཕན་ནུས་དེ་ཤེས་རྗེས་ཕྱི་སོག་ནས་ཨོང་བ་རྒྱ་གར་དུ་ཁྱེར་ཞིང་། ཨོང་བའི་དུ་བ་ཡིས་གློ་གཅོང་ནད་བཅོས་བྱས་པར་ཕན་འབྲས་ཐོན་ཞིང་ནད་པ་དྲག་ཡོད་པའི་གནས་ཚུལ་ཐོན་འདུག་ཅེས་པ་ཞིག་ཀྱང་བཀོད་འདུག ངས་གསར་འགྱུར་དེ་མཐོང་བས་ངའི་ཨ་ཕྱིས་མ་གཞི་ནས་ཨོང་བའི་རིན་ཐང་འདི་ཤེས་ཡོད་པ་མིན་ནམ་སྙམ་ཞིང་། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་ང་རང་ཨེན་ཙམ་ལ་ཧད་དུ་བཅུག

   ངས་མུ་མཐུད་ནས་ཚགས་པར་དེའི་པར་ངོས་གཉིས་པར་བལྟས་པ་ན། པར་ངོས་དེར་དེ་ལས་ཀྱང་ཡིད་འཕྲོག་པའི་གསར་འགྱུར་ཞིག་བཀོད་འདུག་སྟེ། སྤྱིར་མདོ་དབུས་མཐོ་སྒང་དུ་འབྲོག་ལས་དར་བ་ནས་བཟུང་།རྟ་ནོར་ལུག་གསུམ་དང་ར་མ་སོགས་འཚོས་པས། དེ་དག་གི་ཨོང་བ་དང་རིལ་མ་སོགས་རྩྭ་ཐང་གི་མེད་དུ་མི་རུང་བའི་ལུས་རྫས་སུ་གྱུར་ཡོད། ཚན་རིག་གི་བཤད་སྲོལ་ལྟར་ན།ཨོང་བ་དང་རིལ་མའི་ནང་དུ་གཞི་རྒྱུ་ཏན(氮元素)ཟེར་བ་ཞིག་ཡོད་པ་དང་།དེ་ནི་རྩྭ་ས་དང་ས་རྒྱུའི་ཁྲོད་ཀྱི་ལུད་རྫས་གལ་ཆེན་ཞིག་ཡིན་པས། གནམ་གཤིས་དང་ས་བབ་མཐོ་བ་སོགས་ཀྱི་རྐྱེན་གྱིས་ས་ཁུལ་གཞན་དང་བསྡུར་ན་མདོ་དབུས་མཐོ་སྒང་དུ་རིལ་མ་དང་ཨོང་བ་སོགས་རྩྭ་ས་དང་ས་རྒྱུ་ལ་ཧ་ཅང་གལ་ཆེ་བར་བཤད།དེང་སང་ཚན་རིག་པས་རྩྭ་ས་སྲུང་སྐྱོབ་ལ་ནོར་ལུག་དང་འབྲོག་པ་གལ་ཆེ་བ་ཁས་ལེན་པ་དེ་ཡང་གཙོ་བོ་ཕྱོགས་གཅིག་ནས་ཕྱུགས་ཟོག་གི་རྨིག་པས་ཨོང་བ་དང་རིལ་མ་བརྫི་དགོས་པ་དང་།གཉིས་ནས་རིལ་མ་དང་ཨོང་བ་སོགས་རྩྭ་སར་མེད་དུ་མི་རུང་བའི་ལུད་རྫས་ཡིན་པས་རེད། དེ་བས་ལུག་གི་རིལ་མ་འབོར་ཆེན་ནང་ལོགས་སུ་འཚོང་བ་ནི་རྩྭ་ས་ལ་གནོད་པ་ཧ་ཅང་ཆེ་ལ། རིལ་མ་ནང་ལོགས་སུ་འདྲེན་པའི་གནས་ཚུལ་དེ་ལོ་ངོ་བཞི་ལྔ་ཙམ་གྱི་སྔོན་ལ་མགོ་བརྩམས་པ་དང་།ཁ་སང་དེ་རིང་གནས་ཚུལ་དེ་ཚབ་ཇེ་ཆེར་འགྱུར་བཞིན་འདུག་པར་མ་ཟད། གལ་ཏེ་མུ་མཐུད་དུ་དེ་ལྟར་སོང་ཚེ་ལོ་ངོ་བཅུ་དང་ཉི་ཤུ་རྗེས་སུ་ཉེན་ཁ་ཧ་ཅང་ཆེ་བར་འགྱུར་སྲིད། དཔལ་འབྱོར་གྱི་ངོས་ནས་བཤད་ན། ཝུན་ཁྲུན(汶川)སོགས་རྒྱ་ནང་དུ་ལུག་གི་རིལ་མའི་ཁྲོམ་ར(羊粪交易市场)བཙུགས་ཏེ་ལུག་གི་རིལ་མ་ཧ་ཅང་བྲིན་མོད། འབྲོག་ཁུལ་ནས་ཉོ་དུས་རིན་གོང་ཧ་ཅང་དམའ་བས་འབྲོག་དམངས་ལ་ཁེ་སྤོགས་ཀྱང་དེ་འདྲ་བཟང་བོ་ལོན་གྱི་མེད་ཅེས་བཀོད་འདུག

ཡང་ཚགས་པར་དེའི་གྲུ་ཟུར་ཞིག་ཏུ་རང་རེའི་བོད་དུ་ལོ་ངོ་ལྔ་སྟོང་ཙམ་གྱི་གོང་ནས་ཨོང་བ་འབར་རྫས་བྱེད་པའི་སྲོལ་བྱུང་ཡོད་ཅིང་།ཨོང་བས་འབར་རྫས་བྱས་པར་བརྟེན་ཤིང་སྡོང་སོགས་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་ལེགས་པོ་ཐོབ་ཡོད་ཅེས་བཀོད་འདུག་པ་དེ་མཐོང་མུར། ངས་ད་ལྟ་རྒས་གཉེར་གྱི་རི་མོ་ཐོད་ལ་ཁུར་ཞིང་།ཡིག་དྲུག་གི་དབྱངས་རྟ་ངག་ནས་བཞུར་བའི་ཨ་ཕྱི་ཨ་ཕྱི་མཆོག་ཨོང་བ་ལ་དགའ་དོན་ནི་ཡང་སྙིང་ཁོ་མོའི་བླ་ན་མེད་ཅིང་ཡང་དག་གི་གདམ་ག་ཞིག་རེད་འདོད་བྱུང་ལ། ཚ་བོ་ང་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཨ་ཕྱི་མཆོག་ནི་མ་གཞི་གཏིང་ཟབ་པའི་གནས་ལུགས་ཀྱི་ལྷུན་པོ་ཞིག་རེད་འདོད་བྱུང་། མི་རྒན་གྱི་གཏམ་ལ་བསམ་རྒྱུ་དང་ཟོག་རྒན་གྱི་ཤ་ལ་བལྡད་རྒྱུ་ཡོད་ཅེས་པ་ནི་ཅི་འདྲའི་བདེན་ནམ་སྙམ་ཞིང་། ཨ་ཕྱིས་ང་དང་ངའི་ནུ་བོས་རྩྭ་ཁྱི་དུག་སྤར་མོ་གང་བཏོགས་པ་དང་གྲོག་མ་མཐེབ་བར་ནས་བཙིར་ཞིང་སྦུར་ནག་རྐང་འོག་ནས་གཅིར་བ་ལ་གཤེ་བ་ནི་ཡང་སྙིང་ཁོང་མོས་རྒྱང་རིང་རྒྱང་རིང་གི་ཅི་ཞིག་རྟོགས་ཡོད་པས་མིན་ནམ། ཡང་ཅིག་བཤད་ན། ངའི་ཨ་ཕྱི་དང་ཨ་ཕྱིའི་ཨ་ཕྱི་རྣམས་ནི་སྐྱེ་ཁམས་ཁོར་ཡུག་ལ་དཔྲལ་བའི་མིག་ལྟར་གཅེས་ཤེས་པའི་རླབས་ཆེན་གྱི་མི་སྣ་ཤ་སྟག་མིན་ནམ། མ་གཞི་ཁོང་མོ་ཨོང་བ་འབར་རྫས་བྱེད་རྒྱུར་དགའ་བ་ནི་ས་སྒང་རིལ་མོ་འདིའི་སྟེང་གི་རང་བྱུང་ནགས་ཚལ་ལ་སེར་སྣ་དང་ཕངས་སེམས་ཆེ་བས་རེད་ཨང་།

   སློབ་གྲོགས་ལྕགས་མོ་སྐྱིད་ཚང་གི་ཨ་ཕས་ང་ལ་ཁྱོད་ཀྱི་ཨ་ཕྱི་ལ་དངོས་འབྲེལ་དོན་དག་དེ་འདྲ་ཡོད་ན་ངེད་ཚང་ནས་ཨོང་བ་སྒྱེ་འགའ་ཁྱེར་ཆོག་ཅེས་བཤད་པ་ལྟར་ངས་ལྕགས་མོ་སྐྱིད་ཀྱི་ཕུ་བོའི་རྐང་གསུམ་འཁོར་ལོའི་ནང་ཨོང་བ་སྒྱེ་འགའ་བརྩིགས་ནས་ཕ་ཡུལ་ཕྱོགས་སུ་བཞུད་པ་ཡིན།

  རྐང་གསུམ་འཁོར་ལོའི་དུ་ཁུང་ལས་མཆེད་པའི་དུ་བ་སྔོ་ནག་དེ་ལམ་འགྲམ་གྱི་རླུང་གིས་ཁུར་ནས་སྟོང་དབྱིངས་སུ་ཡལ་སོང་། ང་རང་རྐང་གསུམ་འཁོར་ལོའི་ཅལ་དིར་གྱི་སྒྲ་དང་འགྲོགས་ནས་ཕ་ཡུལ་ཕྱོགས་སུ་བཞུད་པ་ཡིན། ཕ་ཡུལ་གྱི་ཨ་ཕྱིའི་ཕྱོགས་སུ་བཞུད་པ་ཡིན།།


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་འཕོ་འགྱུར་བྱུང་ཚུལ་གླེང་བ།
  • ལེ་ཚན་རྗེས་མ།:མཚན་མོར་བྱང་ལུང་བརྒལ་ནས་བྱམས་པ་བཙལ།