སྟོན་ཟླ་དགུ་པའི་ཚེས་བཅུ་སྟེ།དགེ་རྒན་གྱིས་སྤྲུལ་བསྒྱུར་བྱས་པའི་ཉིན་མོ།

ཉི་མ་རྡོ་རྗེ།        2018-09-10

   རིག་པའི་དཔའ་བོ་སྟེ། དགེ་རྒན་ཁྱེད་ཉིད་ལ་དབང་བའི་བཀྲ་ཤིས་པའི་ཉིན་མོ་འདིར། ངས་ཀ་མད་སུམ་ཅུའི་མེ་ཏོག་གཏོར་ནས་ཁྱེད་ཉིད་ལ་ཤིས་ཚིག་བརྗོད། ཁྱེད་ལ་སུས་བསྟོད་ར་མི་བྱེད། ངའི་སེམས་ཁོང་ནས་འཛུམ་པའི་ཉི་མ་དམར་པོ་ལགས།

   དགེ་རྒན་གྱིས་གནང་བའི་བརྩེ་བ་འདི་ནི་ཆེས་དྭངས་གཙང་ཞིག་ཡིན་པ་དང་རླབས་ཆེན་ཞིག་རེད། དགེ་རྒན་ནི་འབད་བརྩོན་གྱིས་ལྡུམ་ར་སྐྱོང་མཁན་ཞིག་ཡིན་པས་ན། བློ་རྩེ་གཅིག་སྒྲིམ་གྱིས་ཕྱི་རབས་པའི་མེ་ཏོག་ཆུང་ཆུང་རྣམས་གསོ་སྐྱོང་མཛད་པས་རྟ་བདུན་འོད་ལས་ཀྱང་གཟི་བརྗིད་ཆེ། རྒྱུན་དུ་ཁྱེད་ཀྱིས་སྒེར་སེམས་མེད་པའི་བྱ་སྤྱོད་ཀྱིས་མི་གཞན་ལ་སེམས་འགུལ་ཐེབས་སུ་འཇུག

   དང་ཐོག ངས་བསྟོད་ར་བྱེད་འོས་པ་ནི། ཀ་ཁའི་དབྱངས་རྟ་སྙན་མོ་སློབ་ཁྲིད་ནས་འགོ་བརྩམ་ཏེ་མི་ཤེས་རྨོངས་པ་ཡིན་པའི་ང་ཚོར་ཤེས་བྱའི་འོ་ཞོ་མངར་མོ་བསྩལ་བའི་དགེ་རྒན་དམ་པ་ཚོ་ཡིན། ཁོང་ཚོས་དཀའ་སྤྱད་ཁྱད་དུ་བསད་ནས་རང་ལ་དགོས་པའི་ཡོན་ཏན་དེ། ཉི་མ་རེ་ལ་ཚིག་རེ་ཟུངས……ཞེས་པའི་ལེགས་བཤད་དེར་ལག་ལེན་བརྒྱུད་ནས་འགྲེལ་བཤད་བྱས་ཏེ། བཅུ་ཕྲག་རིག་གནས་ཀྱི་ཆུ་གཏེར་ཆེན་པོར་བགྲོད་པའི་གྲུ་བོ་ཆེ་དེ་ཕང་མེད་དུ་བསྩལ་བས། དེའི་ཤུགས་ལས་ཁྱེད་ནི་སྒེར་སེམས་མེད་མཁན་ཞིག་དང་གཟི་བརྗིད་ཅན་ཞིག་ཡིན་པ་ཤེས་བྱུང་། ཁྱེད་ཀྱིས་ང་ཚོར་ཅི་ནུས་གང་ལྕོགས་ཀྱིས་བྱམས་སྐྱོང་མཛད་པ་དེར་བསྟོད་ར་བྱས། ཁྱེད་ཀྱི་ལྷད་མེད་ཀྱི་བྱམས་སྐྱོང་དེ་མེད་ན། ང་རིག་གནས་མེད་པའི་མུན་པ་དེ་ལས་ནམ་ཡང་ཐར་བ་མེད་པས། ཤེས་རིག་གི་འདབ་བརྒྱའི་མཛེས་སྡུག་ནི་དེ་བས་ཀྱང་མཐོང་ཐབས་མེད། ཁྱེད་ཀྱི་ཤེས་བྱ་བརྒྱུད་ནས་ང་ཚོ་ཡིད་དབང་འཕྲོག་པའི་འཇིག་རྟེན་གསར་པ་ཞིག་ཏུ་ཁྲིད་པ་དང་རིག་པའི་གནས་ཀྱི་བདུད་རྩི་ངོམ་མེད་དུ་འཐུང་དུ་འཇུག་པ་དེར་ཐུགས་རྗེ་ཞུ། ང་དང་ང་ཚོས། ཁྱེད་ཀྱིས་བསྩལ་བའི་ཤེས་བྱ་བརྒྱུད་ནས་མི་ཚེའི་ལམ་བུའི་ཐོག་ཡང་ནས་ཡང་དུ་གོམ་པའི་འདེགས་འཇོག་སྤོ་བཞིན་ཡོད་ལགས་བཀའ་དྲིན་ཅན་གྱི་དགེ་རྒན།

   དེའི་རྗེས་ནས་བཀའ་དྲིན་ཞུ་འོས་པ་ནི་སྤྱི་ཚོགས་འཚོ་བའི་ནང་ཞུགས་ཚར་རྗེས་རང་ཉིད་ལ་བསམ་པ་བཟང་པོས་ཁ་ཏ་སློབ་གསོ་གཏོང་མཁན་གྱི་རྒན་པ་དང་། རྩོམ་འབྲི་ལ་རོགས་སྐྱོར་སློབ་སྟོན་མཛད་པའི་མཁས་དབང་དང་རྩོམ་སྒྲིག་པ་སོགས་སྤྱི་ཚོགས་ཐོག་གི་སེམས་རྒྱུད་བཟང་པོའི་དགེ་རྒན་རྣམ་པ་ཡིན་ལགས། མི་ཚེའི་འགྲུལ་ལམ་ཐོག་ཏུ་ཁྱེད་ཅག་གི་བསླབ་བྱ་ཡོད་པས་ངས་མདུན་སྐྱོད་ཀྱི་གོམ་པ་རེ་རེ་སྤོ་བར་སྐུལ་ལྕག་ཐེབས་ཀྱིན་ཡོད་པ་དེར་བཀའ་དྲིན་ངེས་པར་དུ་ཞུ་འོས།

   སྟོན་གྱི་འབྲས་བཟང་སྨིན་པའི་དུས་ཚིགས་འདི་ནི། དགེ་རྒན་གྱི་དུས་ཆེན་ལ་ཕུལ་བའི་ཆེས་མཐོ་བའི་གདེང་འཇོག་ཞིག ཁྱེད་ཀྱི་ཐུགས་རྒྱུད་ན་རྒྱུན་པར་ལེགས་སྐྱེས་འབུལ་བའི་སེམས་པ་འབའ་ཞིག་ལས་གཞན་མེད་དོན་ཅི། ངའི་སེམས་ཁོང་གི་འཇམ་པའི་དབྱངས་ལགས། རྒྱུན་པར་ཤེས་བྱའི་བདུད་རྩིས་སློབ་མའི་གཤིས་རྒྱུད་བཅོས་ནས་འཛམ་གླིང་གསར་པ་ཞིག་ཏུ་ཁྲིད་དོན་ཅི། ངའི་སྙིང་ཁོང་གི་རིག་པའི་དེད་དཔོན་ལགས།།


  • ལེ་ཚན་སྔོན་མ།:ཚེ་རིང་རྣམ་དྲུག
  • ལེ་ཚན་རྗེས་མ།:ང་དང་ངའི་དགེ་རྒན།