མདའ་ཚན་བཟོད་པ་རྒྱ་མཚོ། 2018-08-29
ཁྱེད་ནི་གུས་པའི་མི་ཚེ་ལ་འོད་ཀྱིས་ཚེས་པའི་ཉ་གང་གི་ཟླ་བ་གོར་གོར་དེ་ཡིན་ལ། ཁྱེད་ཀྱི་བཀའ་དྲིན་ནི་ལོ་ཟླའི་ཆར་ཞོད་ཀྱིས་མ་ཟགས་པའི་ཟ་འོག་གི་གོས་ཆེན་འབྲུག་མ་དེ་ལགས།
ཡིན་ནའང་། འཆི་བདག་ཟེར་བའི་གཤེད་མ་དེ་ནི་ནམ་ཡོང་ལ་ངེས་གཏན་མེད་ཅིང་གཡུལ་ངོ་ལ་བྱོལ་ཐབས་བྲལ་བའི་ཇག་རྐུན་འཇིགས་ཡེར་བ་ཞིག་ཡིན་ཙང་། མི་ལོ་བཅུ་དགུའི་ཡར་སྔོན་གྱི་དབྱར་མགོ་ཚུགས་མ་ཐག་པའི་ཉི་མ་ནག་པོ་ཞིག་ལ། གཤིན་རྗེའི་འཆི་བདག་གི་གཏུབ་གྲིས་ཁྱེད་ཀྱི་ཚེ་སྲོག་གི་སྐུད་པ་དུམ་བུར་བཅད་ནས། ཞང་ཚ་གཉིས་ཀྱི་མཐོང་ལམ་དུ་འདི་ཕྱི་ཟེར་བའི་བར་ཐག་གི་མུན་པ་མཐུག་པོ་ཞིག་གབ་བྱུང་། སྐབས་དེར་ཕྲན་ནི་སློབ་སྦྱོང་གི་འདུན་པས་བསླུས་ཤིང་ཐོས་བསམ་གྱི་བདུད་རྩིས་མྱོས་ཏེ་བླ་བྲང་ནས་དཔེ་ཁྲིད་དུ་ཞུགས་ཡོད་པས་ཉིད་ཀྱི་སྔས་འགྲམ་དུ་སྡོད་པའི་བསྐལ་བ་ཆད་ཡོད་ལ། དེ་དུས་ཀྱི་སྤྱི་ཚོགས་ནི་འཛམ་གླིང་ཧྲིལ་བོ་དྲ་སྒང་གི་གོ་ཁ་གཅིག་ཏུ་འཛོམས་པའི་དེང་སང་གི་དུས་རབས་ཉེར་གཅིག་པ་དང་ཁྱོན་ནས་མི་འདྲ་ཞིང་། ལག་འཁྱེར་ཁ་པར་ཟེར་ནའང་ཧ་མི་གོ་བའི་ལོ་རབས་རྙིང་བ་ཞིག་ཡིན་པས། གནས་ཚུལ་གང་ཡིན་ངག་ནས་ངག་ཏུ་བརྒྱུད་དེ་གོ་དགོས་པའི་དུས་ཚོད་སྔོན་མ་ཞིག་ཡིན། དེ་བས་ཉིན་དེར་ཆ་མེད་རྒྱུས་མེད་ཀྱི་མི་བུ་ག་གེ་མོ་ཞིག་གློ་བུར་དུ་གུས་པོའི་གམ་དུ་བསླེབས་ནས་ཉིད་ཀྱི་ཁུ་བོ་ལ་སྙུང་གཞི་ཞིག་ཕོག་འདུག་པས་ཁྱེད་ལ་བཤད་རོགས་ཟེར་ཞེས་པའི་གཏམ་ངན་རྣམ་རྟོག་ཟ་བ་ཞིག་བསྐྱལ་ནས་བཞུད་སོང་། དེ་ཡི་མོད་ལ་ཕྲན་གྱི་ཡིད་ནི་བློང་བློང་བོར་གྱུར་ཏེ་འདུག་མི་བཟོད་པ་ཞིག་བྱུང་མོད། སྐབས་ཐོག་དེར་ནི་ཁ་པར་ཅི་དགར་བཏང་སྟེ་གནས་ཚུལ་དྲིས་ཆོག་པ་ཞིག་མིན་ལ་རླངས་འཁོར་གང་འདོད་དུ་གླས་ཏེ་རྒྱུག་བདེ་བ་ཞིག་ཀྱང་ཁྱོན་ནས་མིན་པས་མཚན་དགོང་དེ་སྣང་དོགས་དང་འཇིགས་དངངས་ཀྱིས་མི་སྐྱེལ་ག་མེད་བྱུང་། དུས་ཐོག་དེའང་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཡར་སྔོན་དང་བསྡུར་ན་འགྲིམ་འགྲུལ་སྟབས་བདེ་ཞེ་དྲག་འདུག་པས་ཉིན་རེ་བཞིན་བླ་བྲང་ནས་ཕ་ཡུལ་དུ་སྤྱི་སྤྱོད་རླངས་འཁོར་ཐེངས་རེ་གཏོང་བཞིན་འདུག་པས། ཕྱི་དེ་ཉིན་གྱི་ཞོགས་པར་བྲེལ་འཚབ་དང་དངངས་སྐྲག་གིས་འདར་འདར་སུག་སུག་ངང་ལམ་ལ་བུད་ཅིང་། ཉི་མའང་ཤི་མ་གསོན་གྱིས་དམར་ལམ་མེར་ནུབ་རིར་འཛེགས་པའི་ཕྱི་དྲོའི་ཆ་ལ་ལྟེ་ཁྲག་གི་མེ་ཏོག་བཞད་སའི་རང་ཡུལ་དུ་འབྱོར་དུས་ཡུལ་མི་དག་ཀྱང་ལག་ལ་ཕྲེང་བ་ཐོག་ཅིང་ཁ་ལ་མ་ཎི་ཤུབ་ཤུབ་ཏུ་བཟློ་བཞིན་ཡར་འདུར་མར་རྒྱུག་བྱེད་ཀྱིན་འདུག་ལ། དེ་དང་དུས་མཚུངས་སུ་དྲིལ་བུ་དཀྲོལ་བའི་སྒྲ་དང་ལྷན་དུ་ཆོས་སྐད་ཅིག་ཀྱང་ལྷང་ལྷང་ངང་ངའི་རྣ་བར་ལྷུང་བ་ནི་ཁྱེད་ཉིད་བཞུད་སོང་ཟེར་བ་དང་འདྲ་ཞིང་། མཆོད་སྟེགས་སུ་ལྷབ་ལྷུབ་འབར་བཞིན་པའི་སྒྲོན་མེ་དག་གིས་ཀྱང་ཁྱེད་ལ་མྱ་ངན་དང་སྐྱེལ་མ་བྱེད་པར་ཀུན་ནས་མཚུངས་སོ། །
དེ་བས་གུས་པོའི་སྙིང་ལ་སྡུག་གི་མུན་པ་འཐིབ་སོང་། མིག་གི་འདབ་མར་མཆི་མའི་ཟིལ་བ་འཐོར་སོང་། ཀྱེ་ཀྱེ། གུས་པོའི་ཡ་ཐོད་ཀྱི་མིག་ལགས། ཡ་ཁོག་གི་སྙིང་ལགས། ཁྱེད་ཉིད་གང་དུ་བཞུད་སོང་། མཇུག་མཐའི་ཞལ་ཆེམས་ཤིག་ང་ལ་མི་འཇོག་དོན་ཅི། གྱེས་ཁའི་མིག་བརྡ་ཙམ་ཞིག་ང་ལ་མི་བསྐྱུར་དོན་ཅི། གང་ལྟར་དེ་ལྟ་དེ་ལྟར་དུ་མི་ཡུལ་གྱི་དཀར་ངོགས་འདི་ནས་རྒྱང་ནས་རྒྱང་དུ་གྱེས་སོང་། དགོང་ཁའི་ཉི་ཟེར་བཞིན་གཏན་ནས་གཏན་དུ་ནུབ་སོང་། གལ་ཏེ། དུས་སྐབས་དེར་ཡང་དེང་དུས་ཀྱི་འཕེལ་རྒྱས་འདིའི་ཕྱེད་ཙམ་ཟིན་པའི་དབང་དུ་བཏང་ན་ཁ་པར་གྱི་འཕྲིན་ལམ་ནས་ཕྲན་ལ་སྔོན་བརྡ་དུས་ལས་མ་ཡོལ་བ་ཞིག་འབྱོར་ཡོད་པ་གདོན་མི་ཟ་ལ། གུས་པོས་ཀྱང་ནམ་བོས་ནམ་ཐོན་གྱི་གླ་གཏོང་ཞིག་གླས་ཏེ་དུས་ཐོག་ཏུ་སླེབས་པར་ཐེ་ཚོམ་ག་ལ་ཡོད། གཤིན་རྗེའི་འཇིགས་པ་ལས་སྐྱོབ་པའི་འཇོན་ནུས་ཀྱི་བྱིན་མཐུ་དེ་ཕྲན་ལ་མི་མངའ་ཡང་ལག་པ་དྲོད་མོ་ཞིག་གིས་ཁྱེད་ཀྱི་སྔས་མགོ་བསྐྱོར་ཏེ་བསྔོ་སྨོན་རྣམ་དག་ཅིག་གིས་ཁྱེད་ལ་ལམ་འཇུག་བྱེད་ཅི་ལ་མི་ཆོག ཁྱེད་ཀྱིས་ཀྱང་ཕྲན་ལ་འཇོག་འདོད་ཀྱི་ཞལ་ཆེམས་ཚན་ཁ་འབར་བ་ཞིག་ངའི་རྣ་བར་དུ་བླུག་ཆོག ཀྱེ་ཧུད། ཀྱེ་ཧུད། སྐར་མདའ་བཞིན་གནམ་མཐར་ལྷུང་བའི་ཁུ་བོ་ལགས། དུས་དེ་ནས་བཟུང་ཁྱེད་ཀྱི་གཟིམས་ཤག་དང་ཉལ་ཁྲི། ད་དུང་རྒྱུན་བཀོལ་གྱི་ཅ་ལག་དག་ནི་གྱེས་བྲལ་གྱི་རྨ་ཁ་བསྐྱོར་བའི་ཕྲན་ལ་མཚོན་ན་སྡུག་བསྔལ་གྱི་སྣོན་པ་ཞིག་ཏུ་གྱུར་སོང་ལ། དེ་དག་མཐོང་ཐེངས་རེ་རེ་ནི་མྱ་ངན་གྱི་བུད་ཤིང་མནན་པའི་མནར་གཅོད་ཀྱི་མེ་ཐབ་དུ་བསྐྱོན་པ་དང་ཅི་འདྲའི་མཚུངས་ཨང་། ཚེ་སྲོག་གི་སྒྲོན་མེ་སྦར་མཁན་གྱི་ཕ་མ་ལས་ཀྱང་ངའི་དྲན་པའི་ཕོ་བྲང་དུ་བཞུགས་པའི་ལྷ་དེ་ཁྱེད་ཡིན་ལ། ངའི་མི་ཚེ་ལ་ཚུགས་ཐུབ་ཀྱི་རྟེན་ཕུར་བརྡབ་མཁན་དང་ངའི་འཚོ་བ་ལ་བརྩེ་སེམས་ཀྱི་རྒྱ་མཚོ་བསྐྱིལ་མཁན་གྱི་མི་དེའང་ཁྱེད་ཡིན་མོད། སྐུ་འཚོ་གཞིས་ཀྱི་སྐབས་ཐོག་དེར་ང་ནི་ཁྱེད་ལ་གཡེར་བག་ཙམ་ལས་ཅི་ཡང་འཇོན་མེད་ལ། སེམས་ཚེགས་ཀྱི་ཚེར་ཕུང་སྐྱེ་བའི་སྡུག་བསྔལ་གྱི་ས་བོན་ཞིག་ལས་ཅི་ཡང་འཁྱོང་མེད། གལ་ཏེ། ཁྱེད་ཉིད་ད་དུང་སྟོང་ལོ་ཉེར་གཅིག་པའི་འཕེལ་རྒྱས་འདིའི་ཁྲི་ཁར་བདེ་ཐང་གིས་བཞུགས་ཡོད་ཚེ། ད་ནི་གུས་པོ་ཡང་ན་ཚོད་ཀྱི་གེ་སར་སྨིན་ཐག་ཆོད་དེ་ཁྱེད་ལ་ཞབས་འདེགས་ཀྱི་འཇོན་ནུས་ལྡན་ཡོད་ལ། སྤྱི་ཚོགས་ལའང་འཕེལ་རྒྱས་ཀྱི་གཤོག་པ་ཐོགས་ཡོད་པས་ཉིད་ཀྱང་རྒྱལ་ཁམས་ཀྱི་ལྟད་མོར་གཡེང་ཞིང་འཚོ་བ་གསར་བའི་བདེ་སྐྱིད་ཀྱི་ཁྲུས་ལ་ཞུགས་ཆོག
དེང་སྐབས་ནི་སྔོ་ཡུག་ཡུག་གི་སྣུམ་ལམ་རྨུ་ཐག་བཞིན་གང་སར་འཐེན་ཡོད་ལ། རླངས་འཁོར་ཆེ་མ་ཆུང་གསུམ་ནི་དུད་ཁྱིམ་རེ་རེའི་སྒོ་ཁར་གནའ་བོའི་སྣ་རྟ་འདོགས་འདོགས་བྱས་ཡོད་ཙང་། གུས་ཞབས་ལྡན་པའི་མི་བུ་ཚོས་རང་གི་ཕ་མ་རྒན་རྒོན་དག་བརྩེ་བའི་ཕྱག་གིས་བསྐྱོར་ཏེ་མཇལ་སྐོར་དང་སྤྲོ་གསེང་གི་གཏང་རག་འབུལ་བཞིན་འདུག དེ་བས་འདི་དག་མཐོང་བའི་མོད་ལ་གུས་པོའི་དྲན་པའི་གཏིང་རིམ་ནས་བག་ཆགས་བཞིན་སད་ཡོང་བ་ནི་དུས་རྟག་པར་ཁྱེད་ཉིད་ཡིན་ཏེ། ཁྱེད་ཀྱི་མཛུམ་ཞལ་ལ་བྱམས་པའི་མིག་གིས་ལྟ་བཞིན་ཡུལ་སྐོར་དང་སྤྲོ་འཁྱམ་གྱི་མཆོད་འབུལ་ལྟ་བུའི་ཞབས་འདེགས་ཤིག་ཞུ་ཐུབ་ན་སྙམ་པའི་སྟོང་སེམས་ཆུ་གདུ་གདུ་བྱེད་ལ། གནམ་གྲུའི་གཤོག་ཁུད་དུ་བསྡད་ནས་སྟོད་ཉི་མ་ལྷ་སའི་སྤྱི་གཙུག་ནས་དབབ་ན་སྙམ་པའི་ཀུན་སློང་གི་རྟོག་པ་མེ་འབར་འབར་བྱས་འོང་། ཁྱེད་ཀྱི་སྤྱི་ཚོགས་དེར་མཚོན་ན་གནམ་གྲུ་ཟེར་ན་ལྷ་སྒྲུང་ཞིག་ཡིན་མོད་ཉེ་ཆར་གནམ་གྲུར་འདུག་པ་ནི་རྒྱུན་ལྡན་གྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་ཆགས་ཡོད། གང་ལྟར། ངས་ཁྱེད་ལ་དུས་སུ་རེ་བའི་གཏང་རག་ཅི་ཡང་འབུལ་མ་ནུས་མོད། དགེ་སྒྲུབ་ཀྱི་མཆོད་རྐོང་དུ་བསྔོ་སྨོན་གྱི་ཞུན་མར་བླུགས་ཏེ་རྫོགས་བྱང་གི་མཆོད་སྟེགས་ནས་བསྒྲོན་པ་ནི་ཉིད་ཀྱི་སྐུ་དྲིན་གྱི་ཆ་ཙམ་མཚོན་པའི་བརྡ་རྟགས་ཤིག་ཅི་ལ་མིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10