བདག་གི་ཕ་ཡུལ་གྱི་འགྱུར་ལྡོག

གུ་རུ་སྒྲོལ་མ།        2018-08-31

  ཕ་ཡུལ་ནི་ཚེ་སྲོག་གི་དངོས་གྲུབ་རྙེད་སའི་པང་ཁུག་འཇམ་མོ་དེ་ཡིན་ལ། ཕ་ཡུལ་ན་སྐྱིད་སྡུག་གི་གསང་བ་འདོན་སའི་ཕ་མ་གཉེན་བཤེས་ཡོད་པས་ཕ་ཡུལ་ནི་མི་བུ་སོ་སོའི་སེམས་པའི་གནས་མལ་གྱི་སློག་རྩག་དྲོན་མོ་དེ་ཡིན། མ་ཡུམ་གྱི་བརྩེ་བའི་སྤྱན་ཟུང་ལྟར་ཡིད་འོང་གི་མེ་ཏོག་བཞད་སའི་ཕ་ཡུལ་ལ་ལོག་ཐེངས་རེ་རེར་སེམས་སུ་བཅོས་མིན་གྱི་སྤྲོ་བ་ཞིག་ངང་གིས་སྐྱེ་འོང་སྟེ། དེ་ནི་བདག་གི་ཕ་ཡུལ་གྱི་རི་ཀླུང་དེར་སྔར་ལས་མཛེས་སྡུག་གསར་པ་ཞིག་མངོན་བཞིན་པས་སོ།།

  བཅོས་བསྒྱུར་སྒོ་འགྱེད་བྱས་ནས་ལོ་ངོ་༤༠འཁོར་བའི་རིང་ལ་རང་རྒྱལ་གྱི་སྲིད་དཔལ་རིག་གསུམ་སོགས་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པ་མ་ཟད་སྒོས་སུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་རང་རྒྱལ་གྱི་ཞིང་གྲོང་ཁུལ་གྱི་འཚོ་བ་ལ་བླ་ལྷག་གིས་འགྱུར་བ་བྱུང་། དེ་དང་བསྟུན་བདག་གི་ཕ་ཡུལ་ཆུང་ཆུང་དེའང་རིམ་གྱིས་འགྱུར་བཞིན་འདུག་སྟེ། མིག་མཐོང་ལག་ཟིན་ནམ་ལག་བསྟར་བགྱིས་ཡོད་པ་ནི་སྣུམ་ལམ་དང་གློག་གི་འགྱུར་བ་དེ་རེད། བྱིས་དུས་སུ་ཕ་ཡུལ་ནས་རྫོང་མཁར་དུ་འགྲོ་བར་རྟ་བ་ཡིན་ན་ཉིན་གསུམ་དགོས་ཤིང་ཉིན་མང་པོ་ལ་སྒུག་སྒུག་པའི་རླངས་འཁོར་ཡང་དུས་ཚོད་བརྒྱད་དགུ་ལ་བསྐྱོད་དགོས། ལོ་རེའི་སྟོན་མཇུག་ལ་ཡུལ་མི་ཚོས་ལོ་དེའི་མར་ཆུར་དང་སྦྲ་གུར་གྱི་རེ་ལྡེ་བཏགས་ནས་ལྷག་པའི་ཁལ་རྩིད་སོགས་ཟོང་འཁོར་ལ་བཞག་སྟེ་རྫོང་མཁར་དུ་ཕྱི་ལོའི་འབྲུ་ནས་ཉོ་རུ་འགྲོ་སྐབས། ང་ཡང་རླངས་འཁོར་གྱི་འཁོར་ལམ་རྗེས་ན་ཐལ་འཚུབ་ཀྱིས་བཏུམས་པའི་མིག་ཞགས་དེར་ཡིད་སྨོན་དང་འཆར་སྣང་གིས་ཁེངས་བཞིན་གྲོང་ཁྱེར་ཞེས་པའི་གླིང་ཀ་དེར་ཐེངས་ག་ཚོད་ལ་བསྐྱོད་པ་བརྩིས་མ་ཟིན། དེ་དུས་ཀོང་འབུར་གཤོང་གསུམ་གྱིས་བཀབ་པའི་ཕ་ཡུལ་གྱི་གཞུང་ལམ་དེ་དབྱར་དུས་ཆར་ཆུ་ཡིས་འདེད་སླ་ཞིང་དགུན་དུས་གངས་འཁྱགས་ཀྱིས་འགེབས་མགྱོགས། ང་ཚོ་བྱིས་པ་དག་རླངས་འཁོར་དུ་སྡོད་མ་མྱོང་བ་ཕར་ཞོག་ཕ་ཡུལ་གྱི་མི་གང་མང་ཞིག་ཀྱང་བཞོན་རྟ་དང་སྣ་ལོའི་གོང་ན་ཡབ་མེས་ཀྱི་འཚོ་བ་དེ་མུ་ནས་རོལ་བཞིན་པ་ལས་ལུང་པ་འདི་དང་འབྲལ་མ་མྱོང་ཞིང་། ངའི་མ་ལོ་ལྟ་བུའི་ལང་ཚོ་ལྕི་འདམ་ལ་འབུལ་བཞིན་པའི་གཞི་འཛིན་མ་ཚོ་ནི་དེ་བས་ཀྱང་ངོ།། ཁོ་ཚོར་མཚོན་ན་བཞོན་རྟ་དང་སྣ་ལོ་དེ་དག་ནི་ཕྱི་ཕྱོགས་ན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན་པའི་མེ་འཁོར་དང་རླངས་འཁོར་ལས་སྟབས་བདེའི་སྣང་བ་ག་ལ་མེད། དེ་དུས་བེའུ་རྫིར་འགྲོ་མི་དགོས་ཚེ་ཨ་ཕྱིའི་གམ་དུ་རྒྱུགས་པར་ཧ་ཅང་སྤྲོ་སྟེ་སྐབས་དེར་དེང་གི་བརྙན་འཕྲིན་དང་རོལ་རྩེད་རྩེད་ཆས་སོགས་ཧ་ཅང་དཀོན་པས་ཨ་ཕྱི་ནི་ང་ཚོའི་སྡེ་བའི་འབྲོག་ཕྲུག་དག་གི་གནའ་གཏམ་དང་ལོ་རྒྱུས་ཤེས་སའི་དགེ་རྒན་མཁས་པ་ཞིག་ཡིན། ད་དུང་མོས་ ¡°ཁྱོད་ཚོའི་འཚོ་བའི་ཆ་རྐྱེན་ང་ཚོ་དང་བསྡུར་ན་ཧ་ཅང་བཟང་པོ་རེད། ང་ཚོ་ཆུང་དུས་(ཨ་ཕྱི་༡༩༢༦ལོར་སྐྱེ)སློག་པ་དང་སྐམ་རྩག་(ཡུལ་སྐད་དེ་བེའུའི་པགས་པ་མཉེད་ནས་བཟོས་པའི་གོན་པ་ཞིག)གི་གྱོན་པ་ལས་རས་གོས་ཧ་ཅང་དཀོན་པས་དབྱར་ཁར་རྩྭ་ཐང་ན་གཅེར་བུར་ཕུད་པའི་བྱིས་པ་རྣབས་ལུག་ཚོས་གང་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན་ལ་ལོ་རེར་ཁྱིམ་ཚང་སོ་སོའི་སྐྱེས་པ་དག་གིས་བཞོན་རྟ་ཁྱེར་ནས་ཁལ་མ་དེད་དེ་ཟླ་བ་གཅིག་ཙམ་འགོར་བའི་ཚྭ་བ་ལ་འགྲོ་སྐབས། རོང་ཁོག་ནས་མར་ཆུར་དང་བརྗེས་འོང་བའི་བུར་ནག་གམ་ཤིང་ཏོག་ཨར་མ་ཉུང་ངུ་རེ་ཁྱེར་ཡོང་བ་དེ་དག་ལས་བུ་རམ་གྱི་རིགས་ཧ་ལམ་བཟའ་རྒྱུ་མེད་ཟེར། ཨ་ཕྱིའི་སྐད་ཆ་དེ་དག་ཐོས་ཚེ་དངོས་གནས་མི་རབས་གོང་མ་དག་དང་བསྡུར་ན་ང་ཚོའིོ་འཚོ་བ་དང་ཕྱོགས་གང་ཐད་ནས་བླ་ལྷག་གིས་འཕེལ་རྒྱས་སོང་བ་ད་གཟོད་ཤེས་བྱུང་།

  མ་གཞིར་ལོ་ངོ་གང་མང་ཞིག་གི་ཡར་སྔོན་ནས་རྫོང་གཞན་པའི་འབྲོག་ཁུལ་མང་ཆེ་སར་མགྲོན་ལམ་གསར་པ་བསྐྲུན་ཟིན་པ་མ་ཟད། གློག་གི་ཆ་རྐྱེན་དཀོན་ས་ཧ་ལམ་མེད་ལ། ངའི་ཕ་ཡུལ་ནི་རྫོང་འདིའི་ཁུལ་དུ་གཏོགས་པའི་འབྲོག་སྡེ་ཆེས་ཆེ་བ་དེ་ཡིན་ཡང་ཕ་ཡུལ་གྱི་གཞུང་ལམ་ནི་གནམ་ངོའི་འགྱུར་ལྡོག་ལ་ལྟོས་ནས་བཞིན་མདངས་འགྱུར་ཞིང་ཕྱི་རུ་སོང་བའི་མགྲོན་པོའི་གནས་ཚུལ་ཡང་ཕོ་རོག་གི་གྲོག་སྐད་དང་ཨ་ཁུ་མོ་བའི་མོ་བཟང་ངན་ལས་གཞན་ཁ་པར་སོགས་བརྡ་འཕྲིན་བསྡུ་གཏོང་གི་གློག་ཆས་ཅི་ཡང་མེད། ཆུང་དུས་ འབྲོག་ཁུལ་གྱི་སྦྲ་གུར་ན་ཨ་མས་བཟོས་པའི་འབྲི་མར་གྱི་མཆོད་མེ་ལས་གཞན་གློག་ཏོག་ཅེས་པའི་འོད་སྣང་ལ་ལོ་ངོ་བརྒྱད་དགུ་ཙམ་ལ་སླེབས་རགས་བར་དུ་མཐོང་མ་མྱོང་། དུས་བཞིའི་མཚེར་ལྷས་གང་ན་གནས་ཀྱང་ཨ་མས་ཉིན་གཅིག་གི་ཁྱིམ་ལས་ཙག་ཙིག་ཡོངས་སུ་མཇུག་རྫོགས་རྗེས་ཕྱག་ཟུང་དེ་གཙང་མ་ཞིག་བཀྲུས་ཏེ་མཆོད་རྫའི་ནང་དུ་མཆོད་མར་བཞུས་རྗེས་མཆོད་ཀོང་དུ་བླུགས་ནས་དཀག་ཏུ་བཅུག་པ་དང་། གལ་ཏེ་དུས་ཆེན་རེ་ལ་སླེབས་ཡོད་ན་མཚན་ཐུབ་ཀོང་བུ་གཉིས་གསུམ་རེ་ཡང་བླུགས་སྲིད། སྦྲ་ནག་གི་ཁ་ཚུབ་དང་སྒོ་ཕུག་གི་བར་གསེང་ན་འོད་ཀྱིས་འཚེར་བའི་མཆོད་མེ་དེ་དག་གི་འོད་མདངས་ན་ཡབ་མེས་ཚོའི་ལོ་རྒྱུས་ཀྱི་འོད་རིས་མཆེད་ཀྱིན་ཡོད་ལ། ཀོང་བུ་དེ་དག་གིས་རྩྭ་ཐང་གི་བྲང་གཞུང་ན་མ་སྲུ་ཚོའི་རྔུལ་ཆུ་ཐིམ་པའི་སྦྲ་ནག་ལ་མངོན་མེད་ཀྱི་ཚེ་སྲོག་ཅིག་གནང་ཞིང་། མཚན་ཐུབ་དེ་དག་གི་འོད་སྣང་ཨ་ཕའི་གནའ་གཏམ་གྱི་གདངས་དབྱངས་དང་ཨ་མའི་མ་ཎའི་མགུར་དབྱངས་ལ་བསྡེབས་ནས་ངའི་བྱིས་དུས་ཀྱི་ལོ་ཟླ་ལ་མཚར་སྡུག་གི་འོད་སྣང་བསྐྲུན། དེས་ན། ཕྱི་རོལ་གྱི་འཇིག་རྟེན་ནི་འགྲན་རྩོད་དང་བརྡ་འཕྲིན་གྱི་དུས་རབས་ཤིག་ལ་ཞུགས་བཞིན་པ་སུས་ང་ཚོར་གླེང་།

  སྤྱི་ལོ་༢༠༠༣ལོར་ཆེས་ཐོག་མའི་གཞུང་ལམ་བསྐྱར་འཛུགས་བྱེད་པ་འགོ་བརྩམས་བྱུང་མོད། ཡིན་ཡང་སྐབས་དེའི་གཞུང་ལམ་དེ་ས་ལམ་ཡིན་པས་ལོ་འགའ་མ་འགོར་བར་སྔར་གྱི་ཀོང་འབུར་གྱིས་ཁེབས་པར་གྱུར། སྤྱི་ལོ་༢༠༡༥ལོ་ནས་ཁོད་སྙོམས་ཁྱོན་ཡངས་ཀྱི་སྣུམ་ལམ་ཞིག་སྤྱི་ལེ་༡༣༠ལྷག་ཡོད་པའི་ཕ་ཡུལ་དང་རྫོང་མཁར་བར་བླུགས་འགོ་བརྩམས་བྱུང་ཞིང་༢༠༡༧ལོའི་ལོ་མཇུག་ཏུ་ཡོངས་སུ་ལེགས་འགྲུབ་བྱུང་བས་སྔར་ཕ་ཡུལ་ནས་རྫོང་མཁར་བར་རྟ་བ་ཉིན་འགའ་འགྲོ་དགོས་པའི་ལམ་ཐག་ལ་ད་ལྟ་དུས་ཚོད་གཉིས་ཙམ་གྱིས་བསླེབས་ཐུབ་པ་འདུག གཞན་ད་དུང་༡༠༡༤ལོར་ས་ཁུལ་གཞན་དག་དང་འདྲ་བར་ངའི་ཕ་ཡུལ་ལའང་རྒྱལ་ཁབ་ཀྱིས་ཆུ་གློག་ཁྲིད་པའི་འཆར་གཞི་ཞིག་ལག་ལེན་བྱས་བྱུང་ཞིང་། ༢༠༡༦ལོའི་ལོ་མཇུག་ལ་ཕ་ཡུལ་གྱི་འབྲོག་ཁུལ་རེ་འགར་མ་གཏོགས་གློག་གི་ཆ་རྐྱེན་ཡོངས་སུ་ལེགས་འགྲུབ་བྱུང་སོང་བས། ཡུལ་མི་ཚོས་ཀྱང་སྔོན་གྱི་སྒྲོན་མེ་དང་ཉི་གློག་བཞག་སྟེ་ཆུ་གློག་གི་འཇིག་རྟེན་གསར་བ་ཞིག་ཏུ་བསྐྱོད་མགོ་བརྩམས་སོང་ལ། གཅིག་གིས་གཅིག་ལ་འགྲན་བཙུགས་པ་ནང་བཞིན་ཁྱིམ་ཚང་རེའི་འཚོ་བའི་སྒྲིག་ཆས་དུས་རབས་དང་མཐུན་པའི་ཚོན་ལྡན་བརྙན་འཕྲིན་དང་གོས་འཁྲུད་འཕྲུལ་ཆས། འཁྱག་སྒམ་སོགས་གློག་ཆས་ཀྱིས་ཁྱབ་འདུག་པ་མ་ཟད་འབྱོར་བ་བཟང་ངན་མེད་པར་དུད་ཁྱིམ་ཕལ་ཆེར་ལ་འཕྲུལ་རྟ་རེའང་ཡོད་པར་གྱུར། ད་དུང་འབྱོར་བ་ཅུང་བཟང་བའི་ཁྱིམ་ཚང་རེ་འགར་འཁོར་ཕྲན་རེའམ་གླ་གཏོང་རླངས་འཁོར་རེ་གཉིས་ཀྱང་འདུག་པས་གློ་བུར་དུ་ངའི་ཕ་ཡུལ་གྱི་ཡུལ་གྲུ་འདི་སྣུམ་ཤིག་ཤིག་གི་ལྗོངས་རྣམ་གསར་བ་ཞིག་ཏུ་གྱུར་ཞིང་དེ་དང་བསྟུན་ནས་སྐུད་མེད་ཁ་པར་གྱི་བརྡ་རྟགས་ཀྱང་བཙུགས་བྱུང་བས། སྔར་ལག་འཁྱེར་ཁ་པར་གྱི་གྲིབ་མ་ཙམ་ཡང་མཐོང་མ་མྱོང་བའི་རི་མགོའི་རྫི་བོ་དག་གིས་ཀྱང་ད་ལྟ་ཕྱུག་ཟོག་འཚོ་ཞོར་དུ་ཁ་པར་སྤྱོད་བཞིན་པ་མ་ཟད་སྐད་འཕྲིན་རྩེ་ནས་ཁོ་ཚོའི་མངར་ལ་བསྐྱུར་བའི་རི་ཐང་གི་འཚོ་བའི་སྣང་བརྙན་དེ་དག་གཉེན་ཉེ་དང་གྲོགས་པོ་སོགས་ལ་བརྒྱུད་བསྒྲགས་བྱེད་ཀྱིན་འདུག མཐོང་རྒྱ་ཆེ་ན་ཤེས་རྒྱ་བསྐྱེད་ཅེས་པ་ལྟར་དེ་སྔོན་རང་རྫོང་གི་ཁོངས་གཏོགས་ས་ཁུལ་ལས་ཤེས་ཡོན་གྱི་ཆུ་ཚད་ཆེས་དམའ་ས་དང་སློབ་བྱོལ་ཚད་ཆེས་མཐོ་བའི་འབྲོག་ཁུལ་འདིའི་སློབ་ཞུགས་ཚད་ལོ་རེ་ནས་ཇེ་མཐོར་འགྲོ་བཞིན་འདུག་ལ། ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་རེ་འགའི་བྱིས་པ་དག་རྫོང་མཁར་དུ་བསྐྱལ་ནས་སློབ་གྲྭ་ལ་བཞག་འདུག དེ་བས་རི་བོའི་ཕུག་དང་ཆུ་བོའི་མགོ་ན་ཆགས་པའི་བདག་གི་གཅེས་པའི་ཕ་ཡུལ་ཆུང་ཆུང་དེ་ལ་འབྲེལ་ལམ་འཛུགས་མཁན་ཡང་ཇེ་མང་ནས་ཇེ་མང་དུ་སོང་བ་མ་ཟད། ལོ་ཁ་ཤས་ཀྱི་ཡར་སྔོན་ནས་གོང་རིམ་གྱིས་དབུལ་ཐར་ཕྱུག་འགྱུར་འོང་ཆེད་འབྲོག་པའི་ས་ཁུལ་སོ་སོར་འབྲོག་པ་གཏན་སྡོད་ཁུལ་ཞེས་པའི་གྲོང་སྡེ་མང་པོ་ཞིག་སྡེ་བ་སོ་སོར་འཛུགས་བསྐྲུན་གནང་བས་འབྲོག་པ་མང་ཚོགས་ཀྱི་རུ་སྤོ་སྐྱེལ་འགེལ་གྱི་མི་ཤུགས་དང་དུས་བཀག་ལ་སྟབས་བདེ་གང་མང་བསྐྲུན་པས་མི་རིགས་ཤིག་གི་མེས་པོའི་སློག་རྩག་གི་དྲོད་མདངས་མ་ཡལ་ཞིང་རྩམ་དྲི་དང་མར་དྲི་འཐུལ་བའི་ཡུལ་གྲུ་ཆུང་ཆུང་འདི་ལ་སྔར་ལས་དཀྲག་མདངས་དང་སྟོབས་ཤུགས་འབར་བའི་རེ་བའི་མྱུ་གུ་ཞིག་ཀྱང་ངང་གིས་འབུས་བཞིན་འདུག

  ལས་དོན་གྱི་དབང་གིས་ཕ་ཡུལ་དུ་སྡོད་པའི་དུས་ཡུན་ཧ་ཅང་ཐུང་མོད། གུང་གསེང་སྐབས་ཕྱིར་ཕ་ཡུལ་ལ་ལོག་ཐེངས་རེར་འགྱུར་ལྡོག་དེ་དག་མཐོང་འཕྲལ་སེམས་སུ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་གིས་ཁྱབ་ཡོང་ལ། བདག་གི་གཅེས་སུ་འོས་པའི་ཕ་ཡུལ་གྱི་འབྱུང་འགྱུར་སྔར་བས་འོད་སྟོང་འབར་ཞིང་ཤེས་རིག་གི་མེ་ཏོག་གིས་རྩྭ་ཐང་ཡོངས་ལ་བརྒྱན་པའི་སྨོན་འདུན་ཞིག་དང་ཆབས་ཅིག་ཏུ་འགྱུར་ལྡོག་དེ་དག་ཁྱེད་ཀྱི་སྤྱན་ལམ་དུ་བཀོད་པར་འདོད་ཀྱང་ངག་ཐོག་ནས་བརྗོད་མི་ཚར་ཞིང་ཡིག་ཐོག་ཏུའང་ཤོངས་དཀའ་བ་འདུག་པས། གལ་ཏེ་ཁྱེད་ལ་མོས་པ་བྱུང་ན་ཕྱུགས་གསུམ་གྱིས་རི་ཀླུང་ཁྱབ་ཅིང་སྦྲ་གུར་གྱིས་རྩྭ་ཐང་བརྒྱན་ལ་དེང་རབས་ཀྱི་དྲི་བསུང་ཞིག་ཀྱང་འཐུལ་བཞིན་པའི་བདག་གི་གཅེས་སུ་འོས་པའི་ཕ་ཡུལ་ལ་ཕེབས་དང་ཁྱེད་ལ་འོ་མའི་མཆོད་ཆང་དང་དར་དཀར་གྱིས་བསུ་མ་བྱ་ཆོག་ལགས། 


  • ལེ་ཚན་སྔོན་མ།:མི་ལོ་བཅུ་དགུས་འདི་ཕྱི་ཆོད་པའི་ཁུ་བོ་དྲན་པ།
  • ལེ་ཚན་རྗེས་མ།:ས་སྲོད་རྫོགས་རྗེས།༼ ཞར་བཀོད་གཉིས། ༽