ཕ་ཡུལ་གྱི་ལོ་ངོ་བཞི་བཅུ།

བཀྲ་ཤིས་རྒྱལ།        2018-08-28

    རྒྱལ་ཁབ་ཅིག་དང་མི་རིགས་གང་ཞིག་འཕེལ་རྒྱས་སུ་འགྲོ་བར། གང་ལ་གང་འཚམས་ཀྱི་ཇུས་གཞི་ཡང་དག་ཅིག་དགོས་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་བསྒྱུར་སྒོ་འབྱེད་ཅེས་པའི་རླབས་ཆེན་གྱི་ཇུས་གཞི་དེ་ནི་གོང་དུ་གླེང་བའི་གང་ལ་གང་འཚམ་ཟེར་བའི་ཐབས་ཇུས་དངོས་དེ་ཅི་ལ་མིན།

   ནང་ཁུལ་བཅོས་བསྒྱུར་དང་ཕྱི་ཕྱོགས་སྒོ་དབྱེ་ནི་གཅིག་ལ་གཅིག་རྟེན་གྱི་ཐབས་ཇུས་འགྲན་ཟླ་བྲལ་བ་ཟུང་ཡིན། དེ་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བ་དང་གཅིག་རྟིང་གཅིག་གིས་མནན་ཏེ་རང་རྒྱལ་འདི་ཉིད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཏུ་ཁྲིད་པ་རེད།

བཅོས་བསྒྱུར་སྒོ་འབྱེད་ཀྱི་ཉི་ཟེར་འཇམ་པོ་ཕ་ཡུལ་གྱི་གྲུ་ག་སོ་སོར་མཆེད་པ་ན། ཁོ་བོའི་ཕ་ཡུལ་གྱི་ངོ་གདོང་ལའང་འགྱུར་ལྡོག་རབ་དང་རིམ་པ་བྱུང་སྟེ་འཕེལ་བའི་ལམ་ཁར་བསྙེགས།

    རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་བསྡུས་སྟོབས་ཤུགས་གོང་འཕེལ་དུ་འགྲོ་བ་ལ་རྐྱེན་གསུམ་ངེས་པར་ཚང་དགོས་ཏེ། དེ་དག་ནི་ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་འཛུགས་བཀོད་འཕེལ་རྒྱས་སུ་གཏོང་བ་དང་གཅིག སློབ་གསོ་སློབ་སྒྲུབ་ཀྱི་ཆ་རྐྱེན་དང་སྤུས་ཀ་ཇེ་མཐོར་བཏང་སྟེ། ས་གནས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པ་དང་གཉིས། ཡུལ་སྐོར་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་ཀྱི་ཡོང་སྒོའི་འཕར་སྣོན་ཕྱོགས་ལ་བྱས་རྗེས་འཇོག་དགོས་པ་བཅས་སོ།།

    ཉེ་བའི་ལོ་འགའི་རིང་། གོང་འོག་བར་གསུམ་གྱི་འབད་བརྩོན་འོག ཕ་ཡུལ་གྱི་ཆུ་གློག་ལམ་གསུམ་གནད་དོན་རིམ་བཞིན་སེལ་བ་ཡིན་ཏེ། ཕྱུག་པོར་འགྱུར་འདོད་ན།། ཐོག་མར་ལམ་ལས་དགོས།། ཞེས་པ་བཞིན། ཐོག་མར་རྫོང་གི་གྲོང་ཁུལ་ནས་ཕ་ཡུལ་དབར་ལ་གཞུང་ལམ་སྟབས་བདེ་ལས་ཏེ་འགྲིམ་འགྲུལ་གྱི་དཀའ་ཁག་སེལ་ཅི་ཐུབ་བགྱིས། དེ་ཡང་ང་རང་སློབ་ཆུང་མཐར་ཕྱིན་ཏེ། རྗོང་གི་གྲོང་ཁུལ་གི་སློབ་འབྲིང་ལ་ཆས་སྐབས། འབར་འབུར་གྱིས་ཁེངས་ཤིང་ཡར་ཀྱོག་མར་ཀྱོག་གི་བཞུད་ལམ་དེས། ང་དང་ཨ་ཕར་དཀའ་ལས་ཇི་འདྲའི་མང་པོ་ཞིག་བརྒྱབ་སོང་ཨང་། ལོ་ངོ་དྲུག་གི་སློབ་འབྲིང་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད། ངའི་ཨ་ཕས་འཕྲུལ་རྟ་རྙིང་བ་ཞིག་ལ་བརྟེན་ནས་ང་རང་ཡར་སྐྱེལ་མར་བསུ་བྱས་པ་ཉུང་ཉུང་མིན་ལ། དབྱར་གྱི་ཙད་དང་ཆར་བ། དགུན་གྱི་ཙག་དང་ཁ་བའི་ཁྲོད་ཨ་ཕའི་ངོ་གདོང་གི་གཉེར་མའང་རིམ་བཞིན་ཇེ་མང་དུ་སོང་བའི་ཚོར་བ་དེ་ད་དུང་ཡང་སེམས་ན་གསལ།

    ད་བར་གཞུང་ལམ་ལས་ལས་ཏེ། རླངས་འཁོར་མང་པོ་རྒྱུག་གིན་ཡོད་པས། སྔར་བས་ཤིན་ཏུ་སྟབས་བདེ་བོ་བྱུང་།

   ངེད་ཀྱི་ཕ་ཡུལ་ནི་འབྲོག་སྡེ་རྐྱང་བ་ཡིན་ཞིང་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་དཀའ་ཁག་ནི་སྡེ་བ་དང་ཆུའི་དབར་ཐག་རིང་བ་དེ་རེད། གནད་དོན་དེར་དམིགས་ནས་སྡེ་བའི་འདབས་རོལ་དག་ཏུ་དོང་ཆུ་བསྐོས་ཏེ་དེ་རང་འབབ་ཆུའི་རྣམ་པར་མི་ཕྱུགས་ཟུང་ལ་བེད་སྤྱོད་དུ་བཏང་བས། སྔར་ལས་ལྡབ་འགྱུར་གྱིས་སྟབས་བདེ་བོ་བྱུང་།

   གཞན་ཡང་། ང་རང་མཐོ་འབྲིང་དུ་སླེབས་པའི་སྐབས་གླགས་ནས་ཕ་ཡུལ་ལ་གློག་འཐེན་པའི་མགོ་བཟུང་ཞིང་། ད་ནི་དུད་ཁྱིམ་རེ་རེར་གློག་གི་འོད་སྣང་གིས་ཁྱབ་ཅིང་བརྙན་འཕྲིན་འཕྲུལ་ཆས་མེད་པའི་དུད་ཁྱིམ་དཀོན་ལ། བཟའ་བཏུང་བཀྲུ་ཆས་སོགས་ཀྱང་གློག་ལ་བརྟེན་ཕྱིར་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་དོ།།

    གཞན་ཡང་ས་གནས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་དུ་བཏང་སྟེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་འབོད་སྐུལ་དང་བླངས་ཀྱིས་ལོ་རེར་རྟ་རྒྱུགས་འགྲན་ཚོགས་དང་དམངས་ཁྲོད་གླུ་གཞས་འགྲན་སྡུར་སོགས་སྤེལ་ཏེ། ནུས་ཤུགས་རང་ལྕོགས་ཀྱིས་དུད་ཚང་སྐོར་ཞིག་གི་ཁྱིམ་ཚང་དཔལ་འབྱོར་གོང་འཕེལ་དུ་གཏོང་ཀྱིན་པ་དང་། ཡང་སྡེ་བ་རེ་འགས་ཕྱུགས་ཟོག་གསོ་སྤེལ་གྱི་མཉམ་ལས་ཁང་བཙུགས་ནས་དུད་ཁྱིམ་སྐོར་ཞིག་གི་དཔལ་འབྱོར་གྱི་ཡོང་སྒོ་སྔར་བས་འཕེལ་རྒྱས་སུ་བཏང་ཡོད་པ་ནི་མིག་མཐོང་ལག་ཟིན་ནོ།།

   འདི་དག་ནི་བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་རང་རེའི་རླབས་ཆེན་ཏང་གིས་སྲིད་ཇུས་ཡང་དག་གི་སྣ་འདྲེན་དང་ཁ་འབྲལ་ཐབས་མེད་ལ། འབྲེལ་ཡོད་མགོ་ཁྲིད་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་སྟོབས་ཤུགས་མཉམ་རུབ་དང་ཤིན་ཏུ་རག་ལས་ཏེ་དོན་ལ་དགའ་འོས་པ་ཡིན་ནོ།།

   ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བྱེད་ཕྱོགས་ཏེ། མི་གཙོར་བཟུང་གིས་དུས་ད་ལྟར་ཕན་པ་དང་མ་འོངས་པར་ཕན་པའི་མིག་རྒྱང་རིང་བའི་མཛུབ་སྟོན་བགྱིས་དང་བགྱི་བཞིན་པ་ནི་བཤད་དུ་མ་བབས་ཀྱང་། ས་གནས་མང་པོའི་གོང་འོག་བར་གསུམ་གྱི་མིའི་ལོ་རྒྱུས་ཀྱི་འདུ་ཤེས་ཞན་པ་དང་། ཤེས་རིག་གི་བློ་གྲོས་ཆུང་བ། ཕུགས་བསམ་གྱི་གུ་དོག་པ་སོགས་ལས་བསམ་གཞིགས་གནད་དུ་མ་སྨིན་པ་དང་ཕྱོགས་རེས་འཐེན་འཁྱེར་གྱི་བློ་སྣ་བྱུང་བ། མི་དང་རང་བྱུང་གི་འཆམ་མཐུན་ལ་གནོད་པ། མི་དང་མིའི་བདེ་སྡུག་དང་འབྲེལ་བར་གནོད་པའི་བྱེ་བྲག་གི་བཟོ་ལྟ་མང་པོ་ཞིག་ཕྱུང་ཀིན་པའང་ཀུན་གྱིས་ཐོས་ཚོར་བྱུང་བ་ལགས་ན། འགྱུར་ལྡོག་འགའ་དང་སྦྲགས་ཉིད་ཀྱི་བསམ་ཚུལ་ཙམ་བརྗོད་པ་ལ།

   དང་པོ་རྨོ་བསྐྱུར་རྩྭ་འདེབས་དང་རྨོ་འགྱུར་ནགས་འཛུགས། ཕྱུགས་བསྐྱུར་རྩྭ་འདེབས་དང་ཕྱུགས་ཟོག་ཉུང་འཚོ་སོགས་ཀྱི་ཐད་ནས་ཅུང་ཟད་བགྲོ་བ་ལ། ངེད་ཀྱི་ཕ་ཡུལ་ནི་ཕལ་ཆེར་འབྲོག་ལས་རྐྱང་བ་ཡིན་པས། ཕྱུགས་འཚོ་བ་ནི་འཚོ་བའི་རྒྱབ་རྟེན་ཁོ་ན་ཡིན་ལ། ཡང་དབྱར་ས་ཁ་ཤས་སུ་ས་ཞིང་འདེབས་པའི་དུད་ཚང་ཉུང་ཉུང་ཞིག་ཀྱང་མཆིས། སྤྱིར་ཇུས་གཞི་འདིའི་མགོ་བསླངས་པ་ནི་མ་གཞི་ནས་ཡང་དག་ཅིག་ཡིན་པར་རློམ་སྟེ། ས་ཞིང་ལ་ཤས་ནམ་ཟླའི་འགྱུར་བ་དང་ལོ་རྒྱུས་ཀྱི་དུས་ཡུན་རིང་པོར་བརྟེན། ས་རྒྱུ་ཉམས་ཏེ་རིམ་བཞིན་ས་ཆུ་ཤོར་བའི་གནས་སུ་གྱུར་བ་མང་ལ། འབྲོག་པའི་རྩྭ་ས་ཆུང་ངུར་ཡང་དོན་དངོས་ལས་འགོངས་པའི་ཕྱུགས་ཟོག་མང་དུ་འཚོས་ཏེ་དུས་ཡུན་རིང་བོ་སོང་ན་རྩྭ་ཆུ་དོ་མི་མཉམ་པའི་གནས་ཚུལ་བྱུང་བ་ནི་ཆོས་ཉིད་དང་དངོས་ཚུལ་ཡིན་པ་ཀུན་གྱིས་མཐོང་མོད། རེ་འགས་ས་གནས་ཀྱིས་གནས་ཚུལ་དང་འཐབ་ཇུས་ཀྱི་དོན་སྙིང་མཐིལ་ཕྱིན་པར་མ་རྟོགས་པར། ཅུང་བཙན་ཚུགས་སམ་ཨུ་ཚུགས་ཀྱི་རྣམ་པས་ལག་བསྟར་བྱས་པ་དུས་ད་ལྟར་ནོར་འཁྲུལ་གྱི་མཇུག་འབྲས་ཤིག་མངོན་ཡོད་ལ། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཁར་ཞིབ་འཇུག་གི་དཔྱད་འབྲས་ཀྱང་ཐོན་འདུག་པ་ཀུན་གྱིས་རྙེད་ཐུབ། དེ་བས། ས་ཆུ་ཤོར་མི་སྲིད་པའི་ཞིང་སར་རྩྭ་དང་སྡོང་བོ་འཛུགས་དགོས་དོན་མེད་ལ། རྩྭ་ཐང་གིས་གསོ་ནུས་པའི་ཕྱུགས་ཟོག་གི་ཚད་ཀྱང་ཧ་ལམ་ལོ་རྒྱུས་དང་དངོས་ཡོད་ཀྱིས་ཐག་བཅད་ཟིན་པས་དེ་ཕར་གཡུག་ནས་རང་ངོས་ཀྱི་བྱ་སྟངས་འབའ་ཞིག་སྤྱོད་གྱུར་ན་དམངས་ཀྱིས་གྱོང་རེག་པ་ལས་ཁེ་རེག་མི་སྲིད་དོ།།

སྤྱིར་གྲོང་ཁྱེར་ཅན་དུ་འགྱུར་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་པ་བསྙོན་དུ་མེད་ཀྱང་། འབྲོག་སྡེ་དང་ཞིང་གྲོང་མཐའ་དག་གཞི་གཅིག་ཏུ་འདུས་པར་བྱས་ཏེ། གཞུང་སྒེར་ཟུང་གིས་ཁང་བ་གྲལ་དག་ཅིག་ལས་རྗེས། དཔལ་འབྱོར་གྱི་ཡོང་སྒོ་འཚོལ་ཐབས་མག་མོག་ཅིག་ཏུ་གྱུར་ཚེ། དེ་ནི་ཡུན་རིང་ལ་དམིགས་པའི་ཐབས་ཇུས་ལེགས་ཤོས་དེ་མ་ཡིན་ལ། རྒྱལ་ཁབ་ཀྱི་ལས་གཞི་རྣམས་ཞོལ་ནས་ཆུད་ཟོས་སུ་བཏང་བ་ཞིག་ཅི་ལ་མིན། ཁོ་བོས་མཐའ་གཅིག་ཏུ་འདུས་སྡོད་ཐབས་ཇུས་ལ་དགག་པ་གཏོང་བ་མིན་ཏེ། དེ་ཡང་གོང་རིམ་གྱི་དམིགས་འབེན་ཡང་དག་དོན་དངོས་ལ་གཞིགས་ནས་ཐག་གཅོད་རྒྱུ་ཞིག་ལས། ལས་གཞིའབའ་ཞིག་བརྩོན་ལེན་ཡུན་རིང་དང་དངོས་ཡོད་ལ་མི་སྨན་པའི་ལས་གང་ཞིག་ནི་དམངས་ལ་གནོད་བསྐྱལ་བྱེད་ཅིག་ཏུ་གྱུར་ཚར་ཟེར་བ་ཡིན།

   མི་རིགས་ཤིག་གི་རིག་གནས་ཀྱི་གཞི་རྐང་དང་རྨང་རྡོ་ནི་དམངས་ཁྲོད་ན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ན། དམངས་ཁྲོད་ཀྱི་རྩ་འཛུགས་དང་སྒྲིག་གཞི་མཐའ་དག་ཆེས་སྟབས་བདེར་བསྒྱུར་བའམ་ཡང་ན་མེད་པར་བཟོས་ཏེ། དེ་ནི་ལོ་རྒྱུས་ཀྱི་རྗེས་རྟེན་ཙམ་དུ་གྱུར་ཚེ། ང་ཚོའི་ད་ལྟ་དང་མ་འོངས་པའི་སྤྱི་ཚོགས་ཀྱི་སྒྲིག་གཞིར་གོད་ཆག་ཆེར་འབྱུང་ངེས་ཤིང་དེ་ལས་འཆམ་མཐུན་དང་ཞི་བདེ། བདེ་སྐྱིད་དང་འཕེལ་རྒྱས་ཞེས་པ་སོགས་ནི་གླེང་རིན་མེད་འགྲོ་བ་རེད།

   ངེད་ཅག་གི་རིག་གནས་ཀྱི་གཞི་རྐང་འཆོལ་སོང་བ་ཡིན་ན། རྒྱལ་ཁབ་ཅིག་གི་རིག་གནས་རྩ་འཛུགས་ཆེན་པོ་ཞིག་བོར་བརླག་ཐེབས་པ་ཡིན་ལ། དེ་ནི་ཏང་གི་ཇུས་གཞི་ཡག་པོ་དག་གཞི་རིམ་ནས་བཀོལ་ནོར་གྱིས་ལྡོག་པའི་ལམ་དུ་ཁྲིད་པ་མངོན་གསལ་ལོ།།

   དབུལ་སྐྱོར་འགག་སྒྲོལ་གྱི་བྱ་བ་ཆེས་ཆེར་སྤེལ་བའི་ཕ་ཡུལ་དུ། འདྲ་མཉམ་མིན་པའི་སྣང་ཚུལ་ཡང་གཅིག་རྗེས་གཉིས་མཐུད་དུ་བྱུང་བཞིན་པ་སྟེ། སྡེ་བའི་ནང་དུའང་ཕྱོགས་རེས་འཐེན་འཁྱེར་གྱི་སྣང་ཚུལ་མང་དུ་བྱུང་སྟེ། ཁྱིམ་ཚང་ལ་དངོས་གནས་དཀའ་ཁག་མཆིས་པ་སྐོར་ཞིག་ལ་རོགས་སྐྱོར་ཆེན་པོ་ཐོབ་ཐུབ་ཀྱིན་མེད་པ་དང་། ལྐོག་ཏུ་ཁ་གཏད་གཅོག་པའི་བྱ་ངན་སྦྱོར་བར་མཁས་པའི་དུད་ཚང་སྐོར་ཞིག་གིས་བར་གསེང་ནས་ཁེ་ཕན་ཆེན་པོ་རེག་ཐུབ་ཀྱིན་ཡོད་པ་སོགས་ཀྱང་དངོས་དོན་རེད།

   དབུལ་སྐྱོར་གནད་སྨིན་ཞེས་པ་ནི་དབུལ་སྐྱོར་བྱ་ཡུལ་ལ་གཏན་ནས་ནོར་འཆུག་མེད་པ་ཞིག་དང་དབུལ་སྐྱོར་བྱེད་སྟངས་ཀྱང་ཡང་དག་པ་དང་མིག་རྒྱང་རིང་བ། ཕན་ནུས་ངེས་ཅན་ཡོད་པ་ཞིག་ལ་ཟེར་བ་ཡིན་གྱི། ངོ་འཁྱེར་དང་གོང་རིམ་ལ་ཁྲལ་སྤྲོད་ཐབས་ཙམ་བྱས་ན་ནི་ཏང་གི་ཐོག་མའི་དགོངས་དོན་དང་འགལ་བ་ཡིན་ལ། རྒྱལ་ཁབ་ཀྱི་ཇུས་གཞི་ཆེན་པོར་དོ་སྣང་མ་བྱས་པར་རང་སོའི་ཁེ་ཕན་སྲུང་བའི་ལག་ཆར་བརྫུས་པ་རེད། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ལ་བརྩི་འཇོག་མི་བྱེད་པར་རོང་བའི་ཁྱིམ་ཚང་མང་པོར་ནོར་ལུག་རེ་འགའ་བྱིན་ཏེ་གསོ་སྤེལ་བྱེད་དུ་འཇུག་པའམ་འབྲོག་ཁུལ་དུ་བྱ་ཕོ་ཉོས་འོང་སྟེ་གསོ་སྤེལ་བྱེད་དུ་འཇུག་པ་སོགས་ཀྱང་ཡར་སྔོན་གྱི་དངོས་བྱུང་གི་དབུལ་སྐྱོར་བྱ་ཐབས་ཤིག་རེད་ལ། དེའི་མཇུག་འབྲས་ནི་དུས་ཡུན་རིང་བོ་མ་ལོན་པར་གསོ་སྤེལ་མཚམས་མི་བཞག་ཐབས་མེད་ཀྱི་གནས་སུ་ལྷུང་བ་དེའོ།།

   མདོར་ན། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ནི་འཕེལ་རྒྱས་དང་འཚོལ་སྙེག་གི་བཞུད་ལམ་རིང་མོ་ཞིག་ཡིན་ལ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཆེས་ཆེར་དར་བའི་དུས་སྐབས་ཤིག་ཀྱང་ཡིན་པར་ཟད། གསར་རྙིང་རིག་གནས་ཀྱི་གདོང་གཏུགས་གལ་ཆེན་ཞིག་དང་མི་དང་མིའི་དབར་གྱི་འབྲེལ་བའར་འཕོ་འགྱུར་གསར་བ་བྱུང་བའི་དུས་ཤིག་ཀྱང་ཡིན་དཔྱིས། ཕྱོགས་གང་ཅིའི་ཐད་ནས་གནད་འགག་གི་དུས་སྐབས་ཤིག་རེད་ལ་འཕེལ་རྒྱས་དང་འཕེལ་རྒྱས་གསར་བ་འབྱུང་བའི་དུས་རབས་ཤིག་གི་དབུ་བསླངས་པ་ཞིག་ཀྱང་རེད།

   དེ་བས། ང་ཚོས་འདས་ཟིན་པའི་ལོ་ངོ་བཞི་བཅུའི་འཕེལ་འགྱུར་ལ་ཕྱིར་མིག་དང་མནོ་བསམ་གཏོང་ཞོར། མ་འོངས་པའི་ལོ་ངོ་བཞི་བཅུའི་འཕེལ་རྒྱས་གསར་བར་ཁ་ཕྱོགས་ཡང་དག་ཅིག་འཚོལ་ཞོར་མཉམ་དུ་འབད་འབུངས་བགྱི་དགོས་པ་ནི་དུས་རབས་དང་ལོ་རྒྱུས་ཀྱིས་བཞག་པའི་འགན་བབ་ཉག་གཅིག་གོ།


  • ལེ་ཚན་སྔོན་མ།:དོན་ངོ་མ་ང་རང་ལ་ཅི་ཞིག་ཐོབ་ན་འདོད།
  • ལེ་ཚན་རྗེས་མ།:མི་ལོ་བཅུ་དགུས་འདི་ཕྱི་ཆོད་པའི་ཁུ་བོ་དྲན་པ།