ཡང་དག་པའི་ལམ་བུ།

བཀྲ་ཤིས་དོན་འགྲུབ།        2018-08-22

   འཇིག་རྟེན་གྱི་ཤེས་བྱ་ཡོད་ཚད་ཁོང་ཏུ་ཆུད་པའི་མཁས་པ་དང་གསར་གཏོད་ཀྱི་གྲུབ་འབྲས་མོད་པའི་ཚན་རིག་པ་ཚོས་དོགས་སློང་གི་སྙིང་སྟོབས་བསྐྱེད་བསྲིང་བྱས་ཏེ་དཀའ་ངལ་ཁྲི་ཕྲག་ལས་བརྒལ་ཡོང་བ་ཞིག་ཡིན་ལ།གཏི་མུག་གི་རྨོངས་པ་གང་མང་ཞིག་རྣམ་དཔྱོད་ལས་སེལ་སྟབས།སྡུག་གི་མཐའ་ན་སྐྱིད་དང་ཆར་གྱི་རྗེས་ན་ཉི་འོད་ལྟར་གཡུར་དུ་ཟ་བའི་སྦྱངས་འབྲས་བཟང་པོ་དང་ཀུན་གྱི་བསྟོད་པའི་མི་གཞི་གཙང་མ་ཡོད་པས།འཇིག་རྟེན་གྱི་ཡོད་ཚད་ལ་གསོན་ཤུགས་དང་སྟོབས་ཤུགས་རྒྱས་སུ་བཅུགལེ་ལོ་དང་སྒྱིད་ལུག་གི་མནར་བའི་སྒེར་སེམས་ཅན་སྐོར་ཞིག་གིས་ཞིང་བ་རྒན་པོས་རི་བོང་སྒུག་པའི་སྒྲུང་ལྟར་ཡར་རྒྱས་ཀྱི་རྣམ་པ་མེད་ལ་སློབ་སྦྱོང་གི་དཀའ་ངལ་ལ་སྙིང་སྟོབས་ཞུམ་སྟེ་འཇིགས་སྣང་དང་སུན་སྣང་གིས་མནར་བས།ཁོང་ཚོའི་མ་འོངས་པའི་མི་ཚེ་ནི་དགུན་ཁའི་གྲང་རླུང་ལྟར་མི་འདོད་པའི་གྲང་ངར་དང་རྡུལ་རླུང་གིས་གཡོགས་ཤིང་།ཀུན་གྱི་མིག་ནང་གི་ཚེར་མ་དང་སོ་ནང་གི་སྲིན་འབུ་ཇི་བཞིན་དམོད་མོ་དང་ངོ་རྒོལ།མཐོང་ཆུང་གང་མང་ཞིག་ཡོད་པ་གདོན་མི་ཟ།དེའི་ཕྱིར་ང་ཚོ་གནས་སྐབས་ཀྱི་བདེ་བ་ལ་མི་ཆགས་པར་མིག་རྒྱང་རིང་བོ་བྱས་ཏེ་སློབ་སྦྱོང་ལ་འབད་པ་བྱེད་རྒྱུ་ནི་ཡང་དག་པའི་ལམ་བུ་ཞིག་དང་མཚར་སྡུག་གི་མི་ཚེའི་རྡོ་རིང་ཞིག་ཀྱང་ཡིན།ང་ཚོ་ནམ་ཡིན་ཡང་སློབ་སྦྱོང་གི་འཚོ་བ་དང་ཁ་བྲལ་མི་རུང་ལ།ཡིད་ཆེས་དང་སྤྲོ་བའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་ནི་འོད་སྟོང་ལྡན་པའི་ཡང་དག་པའི་ལམ་བུ་ཡིན་ནོ།། 

  • ལེ་ཚན་སྔོན་མ།:སྤྱི་ཚོགས་ཀྱི་གྲིབ་གཟུགས།
  • ལེ་ཚན་རྗེས་མ།:དོན་ངོ་མ་ང་རང་ལ་ཅི་ཞིག་ཐོབ་ན་འདོད།