སྤྱི་ཚོགས་ཀྱི་གྲིབ་གཟུགས།

སྨོན་ལམ་བཟང་མོ།        2018-08-22

  རང་ལ་ནུས་པ་མེད་ན་སུ་ཞིག་གིས་སྐྱོབ་མི་ཐུབ་ཟེར་བ་དེ་དངོས་གནས་བདེན་པ་རེད། ད་ལྟའི་སྤྱི་ཚོགས་ནི་ཤིན་ཏུ་རྙོག་འཛིང་ཅན་ཞིག་ཡིན་པས། རྒྱུ་ནོར་དང་གོ་ས་སོགས་ལ་གཙིགས་འཛིན་བྱེད་པས། རང་དབང་དང་རང་བརྩི་སོགས་བློས་གཏོང་བཞིན་ཡོད། རྒྱུ་གོ་ས་མེད་ན་མཐར་རོགས་རམ་བྱེད་མཁན་ཡང་མེད།

  ཨ་མེ་རེ་ཀའི་ཕོ་གསར་འགས་སྤྱི་ཚོགས་ཚོད་ལྟ་ཞིག་བྱེད་ཡོད། དེའི་མཇུག་འབྲས་ནི་ང་ཚོ་ཚང་མས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་དྲིས་ནས་བསམ་བློ་ཡང་ཡང་གཏོང་དགོས་པ་ཞིག་རེད་འདུག

  ཚོད་ལྟ་ནི་ཕོ་གསར་གཉིས་ལས་གཅིག་སྤྱི་ཚོགས་མཐོ་རིམ་གྱི་མི་སྣ་དང་ཅིག་ཤོས་ནི་འབྱོར་མེད་ནུས་ཆུང་གི་སྤྲང་པོ་ཞིག་འཁྲབ་ནས། མི་ཚོགས་མང་སའི་ཁྲོམ་རར་འགྲིམས་ནས་ས་ལ་ལོག་ཁུལ་བྱས་ན་མི་ག་ཚོད་ཀྱིས་སྐྱོར་རོགས་བྱེད་པ་བལྟ་རྒྱུ་དེ་ཡིན།

  དང་ཐོག་སྤྱི་ཚོགས་མཐོ་རིམ་གྱི་མི་སྣ་དེ་ས་ལ་ག་ཚོད་ལོག་ཀྱང་ཡར་སྐྱོར་རོགས་བྱེད་མཁན་གྱི་མི་ཤིན་ཏུ་མང་པོ་ཡོད། འོན་ཀྱང་སྤྲང་པོ་དེ་ས་ལ་ག་ཚོད་ལོག་ཀྱང་རོགས་རམ་བྱེད་མཁན་མི་གཅིག་ལས་མི་འདུག དེའང་སྤྲང་པོ་ཞིག་རེད་འདུག

  ཚོད་ལྟ་ཆུང་ཆུང་འདིས་སྤྱི་ཚོགས་གི་སྣང་ཚུལ་སྐྱུག་བྲོ་བ་ཞིག་དམར་རྗེན་དུ་བཏང་ཡོད་པས། ང་ཚོ་ཚང་མས་འདིའི་ཕྱོགས་ལ་བསམ་བློ་གཏོང་དགོས།

  སྙིང་ཉེ་བའི་ཀློག་པ་པོ། གལ་ཏེ་ཁྱོད་གོང་གི་མི་ཚོགས་ཁྲོད་ཀྱི་གཅིག་ཡིན་ན་ཅི་ལྟར་བྱེད་སྲིད།


  • ལེ་ཚན་སྔོན་མ།:འཆི་བ་ལ་གདོང་གཏད་པ།
  • ལེ་ཚན་རྗེས་མ།:ཡང་དག་པའི་ལམ་བུ།