འཆི་བ་ལ་གདོང་གཏད་པ།

འདྲུ་བཀྲ་ཤིས་རྒྱལ།        2018-08-20

   ངོ་མཚར་བའི་འཇིག་རྟེན་གྱི་གསང་བའི་བར་ཚིགས་སུ། ཆེས་ཡིད་དུ་འོང་ཞིང་རིན་ཐང་གཞལ་བའི་ཚེ་སྲོག་གི་སྙིང་པོ་ཐོབ་པ་ནས་བཟུང་། ཅིས་ཀྱང་དགའ་འོས་པ་ནི་རང་ཉིད་མི་ཞིག་ཡིན་པ་དེ་ཁོ་ན་ཡིན་ཡང་སྲིད།

   རིམ་པར་ནར་སོན་རྗེས། དྲན་རྒྱ་རྒོད་པོས་ལུས་ནི་ངལ་ཞིང་དུབ་པར་གྱུར། དེ་ལྟར་ནའང་བསམ་གཞིག་ངན་པས་ད་དུང་ཡང་འཁོར་བའི་གདོང་སྤྲུགས། མུ་ནས་ངོ་མི་ཤེས་པའི་སྐྱེ་དགུ་མང་དག་ཅིག་གི་བར་མཚམས་སུ་འཚོ་གནས་བཅས།

   ན་ཚོད་ཀྱིས་ཕུང་པོ་རྒུད་རྗེས། སྲང་དུ་འགྲོ་བའི་མི་ནི་ཁེར་རྐྱང་ཡིན། དང་ཐོག་མའི་ཚེ་སྲོག་འབུད་པ་བཞིན་ཁེར་རྐྱང་ཡིན། ཐ་ན་སྙིང་ཉེ་བའི་མིས་ཀྱང་རིམ་པར་བརྗེད་བཞིན་ཡོད།

   ཚེ་སྲོག་གི་འཕེན་པ་རྫོགས་རྗེས། མི་ཡུལ་ནི་སྟོང་པ་ཡིན་ཡང་སྲིད། སྟོང་པའི་འཇིག་རྟེན་ན་སུས་ཀྱང་སྐྱེས་མ་མེད། ཀུན་ཀྱང་རང་དོན་ལ་ངལ་བ་ཙམ་ལས། ངོ་ཤེས་དང་ངོ་ཤེས་ཀྱི་བརྩེ་བ་གཏེར་དུ་སྦས་ནས་ཡོད།

   ཚེ་སྲོག་གི་གསང་བ་རྡོལ་རྗེས། མི་ནི་རང་གཤིས་མི་བརྟན་པའི་འགྱུར་རྡོ་ཡིན། ནོར་བུ་བཞིན་དུ་སྲུང་བའི་དངོས་གྲུབ་ནི་རྒྱུ་ནོར་ཡིན། དྲན་པའི་རྒྱ་ལ་ཚུད་རྗེས། མིས་ཡོད་ཚད་ནི་རང་ཉིད་ཁོ་ནར་གྲུབ་པར་བྱེད།

   སྣང་མེད་དུ་ཤོར་བའི་ཉིན་ཞིག་ལ། ཚེ་སྲོག་ནི་དལ་གྱིས་ལམ་དུ་བཞུད། སུ་ལ་ཡང་ཨ་ལན་འདེབས་ཁོམ་མེད་པར། ཆེས་རྒྱང་རིང་དུ་གླེང་བའི་ཕྱི་མའི་ལམ་དུ་བཞུད། ད་གཟོད་རྒས་འགྲོ་བ་ནི་ལུས་ཁམས་རྒུད་པ་ཙམ་མ་ཡིན།

   གོམ་པ་སྤོ་བའི་ངང་ཚུལ་བཞིན་མི་ནི་རྒས་ཤིང་རྒུད། མཛེས་སྡུག་དང་རྫོགས་ལྡན་ཀུན་ཀྱང་འཇའ་ཚོན་ཇི་བཞིན་རིམ་གྱིས་ཟད། ཐ་ན་གང་ཞིག་དང་ཅི་ཞིག་ལ་ཡང་སྙིང་པོ་མ་ལོན་པར་ཚེ་ཐག་ཆད། ནམ་དུས་ཤིག་ལ་མི་ནི་འགྱུར་རྡོ་ལྟར་མིང་གི་ལྷག་མ་ཙམ་དུ་གྱུར།

   སྐྱིད་པའི་ཡུལ་དང་ཉེ་བའི་མི། འཇམ་པའི་གོས་དང་ཞིམ་པའི་ཟས། གང་ལྟར་ཡོད་ཚད་ཀྱི་ཐམས་ཅད་ལ་ཞལ་གྱེས་ཞུ་བཞིན། འཇིག་རྟེན་ནི་བདེ་སྐྱིད་ཅིག་ཏུ་སེམས་པའི་ངོགས་སུ་སེམས།

   ལས་ཀྱི་ལམ་སྣེར། བཟང་སྤྱོད་ཀྱིས་བརླན་པའི་མི་ཚེ་ནི། ཕྱི་མའི་མེ་ཏོག་ལ་བདེ་སྐྱིད་ཀྱི་འདབ་མ་ལྷུག་པར་གྲོལ་བའི་མཐའ་སྣེ་ཞིག་ཡིན།

   མི་ཚེའི་རྫོགས་ཤད་ཅིག་ལ། གཞན་ཕན་གྱི་བྱ་གཞག་ནི་རང་སེམས་བདེ་བྱེད་ཀྱི་གྲུབ་ཆ་ཞིག་ཏུ་སེམས་ཞེས་བརྗོད། དབུགས་ཀྱི་རྒྱུ་བ་མ་ཆད་པའི་གོང་བུར། ཅིས་ཀྱང་སེམས་ཐུབ་པ་ནི་དེ་ཙམ་མོ། །


  • ལེ་ཚན་སྔོན་མ།:བླ་ན་མེད་པའི་རྒྱང་ཁོངས་ཀྱི་འཛུགས་སྐྲུན་པ།
  • ལེ་ཚན་རྗེས་མ།:སྤྱི་ཚོགས་ཀྱི་གྲིབ་གཟུགས།