འདྲུ་བཀྲ་ཤིས་རྒྱལ། 2018-08-20
འཛུགས་སྐྲུན་གྱིས་རྣམ་པར་མཛེས་པའི་གྲོང་དང་གྲོང་རྡལ། གྲོང་ཁྱེར་དང་ལྗོངས་དེ་དག་མིག་ལམ་དུ་འཆར་དུས། ང་ཚོས་ཅིས་ཀྱང་བརྗེད་མི་རུང་བ་ནི་ལུས་ངག་ཡིད་གསུམ་གྱིས་དཀའ་བ་དང་དུ་ལེན་པའི་འཛུགས་སྐྲུན་པ་རྣམས་ཡིན།
ཆེས་མཛེས་སྡུག་ལྡན་པའི་འཛུགས་སྐྲུན་གྱི་སྣེ་མོར། ཆེས་ཁྱད་དུ་འཕགས་པའི་བཟོ་རྩལ་གྱི་ངོས་ནས། འཛུགས་སྐྲུན་གྱི་བྱེད་པོ་རྣམ་པའི་ངལ་བ་ག་ཚོད་ཅིག་འཇལ་མི་ཐུབ་བམ། རྣམ་དཔྱོད་དང་མིག་འབྲས་རིང་བའི་གྲུབ་འབྲས་ག་ཚོད་ཅིག་དཔག་མི་ཐུབ་བམ། འོན་ཏེ་ང་ཚོས་ཁོང་རྣམ་པར་གླ་པའི་འདུ་ཤེས་ཙམ་ལས་རྒྱལ་ཁབ་གྱི་བདེ་བཀོད་མཛེས་པར་བྱེད་མཁན་ཞིག་ཏུ་ག་ལ་བསམ་མྱོང་།
སྟོབས་འབྱོར་མངའ་ཐང་རྒྱས་པའི་འཚོ་བའི་ངོགས་སུ། འཆར་གཞི་གྲངས་མེད་ཅིག་གི་ཟབ་ཚད་ནས། འཛུགས་སྐྲུན་པས་དཀའ་བ་ག་ཚོད་ཅིག་ཁྱད་གསོད་བྱས་ཏེ། འཛམ་བུའི་གླིང་དུ་བླ་ན་མེད་པའི་རྒྱལ་ཁོངས་ཀྱི་འཛུགས་སྐྲུན་ཆེས་དམིགས་དཔེར་འོས་སའི་གཞི་རུ་འགྱུར་བ་བྱས་མེད་དམ།
དབུ་ལ་བདེ་འཇགས་ཀྱི་ཞྭ་མོ་གྱོན་ཞིང་ཕྱག་ཏུ་སྦྱག་མ་སོགས་པའི་ལག་ཆ་བཟུང་ཏེ། ཉིན་མཚན་དུས་དྲུག་ཀུན་ཏུ་དཀའ་སྤྱད་འབད་བརྩོན་བྱེད་པ་ནི། མ་འོངས་པའི་མེས་རྒྱལ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་ཤིག་ཡིན། མགོ་རྟིང་ཀུན་ཀྱང་ཐལ་བས་འབག་མོད། རིག་པ་སྐྱེན་པོས་ཨར་ལས་ལ་འབད་པ་དེ་ཁོ་ནས་མིའི་རིགས་ཀྱི་འབྱུང་འགྱུར་ལ་འོད་ཟེར་སྦྱིན་པའོ།
སེར་གས་བཏུམས་པའི་ཕྱག་ཟུང་ལ་དལ་ཁོམ་མེད། རྔུལ་ཆུས་བརླན་པའི་བར་ཚིགས་སུ་ཡང་ངལ་གསོ་བའི་དུས་ཡུན་ལ་དམ་འཛིན་བྱེད་དགོས། ནམ་ཡང་སེམས་ན་འཕྱོ་བའི་མེས་རྒྱལ་གྱི་མཚར་སྡུག་ལ་མནོ་བསམ་གཏོང་གིན། གསར་གཏོད་ཀྱི་གོང་བུར་ཀུན་ཀྱང་ཡིད་ཁ་འཇོ་བའི་བདེ་བའི་དཔལ་ལ་བཀོད།
ང་རང་ཆེས་དུངས་སའི་མི་ལགས། ཁྱོད་ཀྱིས་ཆེས་དཀའ་ཁག་ཆེ་བའི་འབད་བརྩོན་གྱི་སྣེ་མོ་ནས། ཆེས་བསྔགས་པར་འོས་པའི་འཛུགས་སྐྲུན་གྱི་བྱ་གཞག་མང་དག །རིམ་པར་མིའི་རིགས་ཀྱི་མིག་ལམ་དུ་སྟར་བར་ངེས་སོ།
དུས་བཞིའི་འགྱུར་བག་གི་དབུས་སུ། དལ་ཁོམ་མེད་པའི་འཛུགས་སྐྲུན་པས་རང་ཉིད་མིའི་རིགས་ལ་ལེགས་སྐྱེས་འབུལ་བཞིན་ཡོད་དེ། ཆེས་རླབས་ཆེ་བའི་མཛད་འཕྲིན་གྱི་ཕ་མཐར། ཁོང་རྣམ་པ་ནི་འཕྲུལ་ཆས་རྩེར་སོན་པ་ཞིག་ཡིན། དེས་ན་ང་ཚོས་ཀུན་ཏུ་བརྗེད་མི་བཏུབ་པ་ནི་འཛུག་སྐྲུན་གྱི་བྱེད་པོ་རྣམ་པའི་གཟི་བརྗིད་ཡིན།
བླ་ན་མེད་པའི་རྒྱལ་ཁོངས་ཀྱི་གསར་གཏོད་དབྱར་མཚོ་བཞིན་དུ་རྒྱས་པའི་དུས་རབས་ཉེར་གཅིག་གི་ཕང་བར། འཛུགས་སྐྲུན་པའི་ངོ་མཚར་གྱི་གསར་གཏོད་དེ་དག །གཏན་དུ་ཉམས་པ་མེད་པའི་དཔའ་སྟོབས་ཤིག་ཡིན། མིའི་རིགས་ཀྱི་ཡིད་ཁ་འཇོ་བའི་ལེགས་གྲུབ་ཀྱི་ངོས་གཞི་རྨད་དུ་བྱུང་བ་ཞིག་ཀྱང་ཡིན།
མཛེས་སྡུག་ལྷུན་གྱིས་ཆགས་པའི་ཁོར་ཡུག་འདིའི་ཕྱི་ནང་དུ། རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་གཞན་གྱི་བདེ་སྐྱིད་ལ་ལེགས་སྐྱེས་འབུལ་བའི་འཛུགས་སྐྲུན་གྱི་བྱེད་པོ། ཉི་ཟེར་བས་ཀྱང་ཆེས་འོད་སྟོང་ལྡན་པ་ནི་ཁྱེད་རྣམ་པའི་གསར་གཏོད་ཀྱི་གྲུབ་འབྲས་སོ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10