ཉི་ཟེར་ལ་ཆིབས་པའི་ཆོ་འཕྲུལ།

འདྲུ་བཀྲ་ཤིས་རྒྱལ།        2018-08-20

   རྡོ་བའི་ངོས་སུ་བཞད་པའི་ཆོ་འཕྲུལ། དད་སེམས་ཀྱིས་བསྐྱོམས་པའི་རྒྱ་མཚོའི་རླབས་རིས། འཇིག་རྟེན་ནས་རྒུད་པར་མི་སྲིད་པའི་རྟག་བརྟན་གྱི་རི་མོ། སེམས་པ་ནང་ལ་གཏད་དེ་སེམས་པར་འོས་པའི་མཛད་འཕྲིན་གྱི་འོད་ཟེར། ང་རང་ཧ་ཅང་དགའ་སའི་རྟོགས་བརྗོད་ཐོར་བུ།

རླབས་ཆེན་གྱི་རྒྱལ་བའི་སྲས་པོ། འགྲོ་བའི་སྐྱབས་གཅིག་བླ་མེད་ཀྱི་བླ་མེད། ངོ་མཚར་སྟོང་བས་གཟི་བརྗིད་ཆེ་བའི་འཕགས་པའི་རྣམ་སྤྲུལ། དད་ཕྱག་གི་བར་ནས་དད་སེམས་ལྷག་ཏུ་སྐྱེ་བའི་སྐྱེས་ཆེན། ངས་ཡི་དམ་གྱི་ལྷ་རུ་བསྒོམས་ཏེ། ཡིད་ཀྱི་ཞལ་ཁྱིམ་ལ་བརྟན་པ་དབང་མེད་ཤོར་དུས། སྐྱབས་ཀྱི་དམ་པ་ཉི་ཟེར་གྱི་རྡུལ་ལ་ཆིབས་པའི་སེམས་དཔལ་ཆེན་པོ་ཞིག་ཏུ་གྱུར།

   འདས་པའི་ལོ་ཟླའི་སྣེ་མོ་ཞིག་ནས། འཛམ་བུའི་གླིང་གཡོ་ཞིང་རབ་ཏུ་གཡོ་བའི་རྣམ་ཐར་ཞིག ངག་ནས་ངག་ཏུ་བརྒྱུད་དེ་མི་སེམས་ཀྱི་འཇིངས་སུ་རུམ། ད་ལྟའང་སྣང་འཕྲུལ་ལས་གྲུབ་པའི་ལྷ་སྒྲུང་བཞིན། སྐྱེ་དགུ་ཀུན་གྱི་ཡིད་ལ་འཇགས། ཆེས་རྨད་དུ་བྱུང་བའི་མཛད་རིམ་མང་དག་ལས། འཇིག་རྟེན་གྱི་བྱེད་པོ་ཨང་ཞེས་ཡང་ཡང་བོས།

   བློ་གྲོས་ཀྱི་བར་མཐོངས་སུ་གསལ་ལེར་འཁྱིལ་བའི་བཅུ་ཕྲག་གི་རིག་གནས། རྨོངས་རྟུལ་གྱི་མི་བོ་ཚོའི་མུན་པ་གཏིང་ནས་བཅོམ་སྟེ། རྣམ་དཔྱོད་ཆེས་སྐྱེན་པའི་གནས་བབ་ཅིག་ནས། མཁས་བླུན་ཀུན་གྱིས་ཡིད་སྨོན་འཆོར་མྱོང་བའི་དྲན་པའི་དབང་པོ་ཨ། ངོས་ལྐོག་གང་ནས་ཀྱང་འཁྲུལ་པ་ཟད་སོང་བ་ནི་ཁྱོད་ཁོ་ནའོ། །

   ཞེན་ཁོག་ཏུ་འཆར་བའི་སྐྱོབ་པའི་ལྷ། དག་ཞིང་ནས་རྣམ་པར་གཟིགས་པའི་བརྩེ་བའི་བདག་ཉིད། གདུལ་བྱའི་དང་བ་འདྲེན་པའི་བསླུ་མེད་ཀྱི་མགོན། འཇའ་ཚོན་ཇི་བཞིན་ལྟ་ན་སྡུག་པའི་རྣམ་སྤྲུལ། དཔག་མེད་ཀྱི་འགྲོ་བ་དག་ནི་ཁྱོད་ལ་བཏུད་ཅིང་བཏུད་དེ། ཆེས་བཅོས་མ་མིན་པའི་དད་སེམས་ཁྲི་མ་འབུམ། ཆར་ལྡན་དུས་ཀྱི་ལོ་འདབ་ཇི་བཞིན་ལྷུག་པར་གྲོལ།

   རྣམ་ཐར་གྱི་ཚོམས་ལས། དཔུང་དང་རིག་པའི་དཔའ་བོ་ཟིལ་གྱིས་གནོན་མཁན་དེ་ཁྱོད་རང་ཡིན་སོང་། གྲགས་པས་གནམ་ས་གཡོ་མཁན་ཡང་ཁྱོད་ཉིད་རེད་འདུག ད་ལྟ་འདས་སོང་ལ་དཔྱད་ཞིབ་བྱས་ནའང་། ཁྱོད་ཀྱི་མཛད་རྗེས་ནི་གྲངས་མེད་ཀྱི་རྒྱུ་སྐར་བས་ཀྱང་དོ་བར་མི་ནུས། གཏན་ནས་དོ་བར་མི་ནུས།

   ཞལ་ཁྱིམ་ལ་ལྟ་བར་མི་ཕོད་པའི་ལྷ་ཀྱེ། རྩོད་པའི་སྟངས་སྟབས་ཤིག་ལས། རྒོལ་ངན་གྱི་ཀླད་པ་རྣམ་པར་འགེམས་དུས། ངས་ལོ་རྒྱུས་སུ་སྣང་བའི་རིས་དེ་ཧ་ཅང་ལྟ་བར་འདོད། ཆོ་འཕྲུལ་ལྟ་བུའི་ཆོ་འཕྲུལ་ཡིད་ལ་སིམ་པོ་དེ་ལྟ་བར་འདོད།

ཕྱི་ནང་གི་ངོས་ཡངས་སུ། སུས་ཀྱང་ཁྱོད་ལ་ཤིང་རྟའི་སྲོལ་འབྱེད་ཅེས་འབོད་མ་མྱོང་། དམངས་ཁྲོད་ཀྱི་ངག་རིས་ལས། འབྲུག་པ་ཀུན་ལེགས་ཀྱིས་ཁྱོད་རང་ཐ་ལ་བཀར་ཡོད། འོན་ཏེ་དེ་ནི་ལྷ་སྒྲུང་བས་ཀྱང་རྫབ་ཆེ་བའི་རོ་སྒྲུང་ཞིག་ཏུ་ང་རང་བསམ་གྱིན་ཡོད། དེས་ན། འཁྲུལ་སོང་བའི་ལོ་ཚིགས་མང་དག་སུ་ཞིག་གིས་མེ་ལ་བསྲེགས་པར་བྱས།

   རྡོ་བའི་ངོས་ཀྱི་ཆོ་འཕྲུལ་ཆེན་མོ། ཉི་ཟེར་གྱི་རྡུལ་བཞིན་མེ་ཏོག་གི་ཆར་བ་སེམས་སུ་འབབ་ཚེ། ངོ་མཚར་གྱི་མཛད་རྣམ་ནི་འཇའ་ཚོན་གྱི་རིས་བཞིན་བལྟ་བར་བྱས་སྟེ། འདས་སོང་ནི་ཁྱོད་ཀྱི་གཟི་འོད་ཁོ་ནའོ། །

ཧ་ཅང་སྨག་ནག་པའི་དུས་ཚིགས་ཤིག་ནས། ཤེས་རབ་དང་བརྩེ་བའི་འོད་ཟེར་རྣམ་པར་འཆར་བའི་སྤྲུལ་པའི་སྤྲུལ་པ། དུས་རབས་ཤིག་གི་སྣེ་མོ་ནས། ངོ་མཚར་སྟོང་ལྡན་གྱི་ལམ་དུ་བཞུད་སོང་བ་ནི་ཁྱོད་ཀྱི་མཛད་འཕྲིན་ཏེ། མི་སེམས་སུ་འཆར་བའི་ངོ་མཚར་སྟོང་ལྡན་གྱི་འཇའ་རིས་ཤིག་གོ །


  • ལེ་ཚན་སྔོན་མ།:དུས་ཚིགས་བཞི།
  • ལེ་ཚན་རྗེས་མ།:བླ་ན་མེད་པའི་རྒྱང་ཁོངས་ཀྱི་འཛུགས་སྐྲུན་པ།