དུས་ཚིགས་བཞི།

འདྲུ་བཀྲ་ཤིས་རྒྱལ།        2018-08-20

དགུན།

ནམ་མཁའ་ནི་སྤྲིན་པ་སྟུག་པ་ཞིག་གིས་བསྒྲིབས་ནས་ཡོད། ས་གཞི་ཡང་གངས་རླུང་འཚུབ་མ་ཞིག་གིས་རྣམ་པར་བསྐྱོམས། གྲང་ཟུག་གིས་རུས་པ་གས་དུས། ཉི་མ་ནི་མིས་བཟོས་པའི་སྲུང་སྐར་ཞིག་ཡིན་ན་ཅིས་མ་རུང་སྙམ།

ས་གཞི་སྐྱ་བོ་ཐན་པས་གཙེས་པའི་ཞིང་ས་ཞིག་དང་ཀུན་ནས་མཚུངས། ལྗོན་པ་ཁེར་པོ་རླུང་བུས་གཡོ་བ་སེམས་ལ་གཟན། མཚན་མོའི་དགུང་ལ་ཁྱི་འཁྱམ་དག་ཀྱང་ངུ་ཞིང་ཟུག 

ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ་མི་སེམས་ལྷབ་ལྷུབ་ཏུ་གཡོ་དུས། བྱིས་པ་དག་ནི་གྲང་ཟུག་ལ་རྒོལ་ཏེ་གངས་རྩེད་རོལ།

དཔྱིད།

དྲོད་ཀྱི་ཕུང་པོས་འཛམ་བུའི་གླིང་ནི་རུལ་དྲིས་ཁྱབ། བརྗིད་ཆགས་ཀྱི་གངས་རི་དག་ཀྱང་རིམ་གྱིས་ཉིལ། ཞིང་པས་ས་ཞིང་ཐལ་བའི་རྡུལ་དུ་སློག གོམ་པས་འདེགས་འཇོག་བྱེད་པའི་འབུ་སྲིན་དག་ཀྱང་དགོད་ཅིང་རྩེན།

ངལ་བའི་བར་ཚིགས་རེ་རེར། དཔྱིད་རླུང་བསིལ་བུར་ལྡང་བ་དབྱངས་ཅན་དགའ་མའི་དབྱངས་རྟ་ཡིན། མྱུ་གུའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བ་རེ་བའི་བདག་པོའི་སྙིངས་སྟོབས་ཡིན། ས་གཞི་བཞིན་དུ་མི་སེམས་ཀྱང་ནི་གྲུང་རིལ་རིལ།

དབྱར།

མཁའ་ལ་འཆར་བའི་ཉི་མ་ནི་མེ་ལྕེ་དྲག་པོ་ཞིག་ཡིན། མེ་ལྕེའི་དབལ་གྱིས་སྤྲིན་པའི་བང་རིམ་བརྟོལ་ཏེ་མི་ལ་རྒོལ། མི་ནི་ལྐུགས་པ་ཡིན་ཡང་གཙང་བོའི་མཐའ་སྣེར་ཆུ་ལ་རོལ།

མེ་ཏོག་སྤང་ལ་དགོད་ཅིང་སྤང་ནི་གཡུ་ལྟར་སྔོ། ལྗོན་ཤིང་ལོ་འདབ་རྒྱས་ཏེ་སྐྱེད་མོས་ཚལ་ཀུན་ཡིད་ལ་འོང་། བུང་བའི་རླབས་དང་མཚོ་མོའི་ཟིལ། ངོ་མཚར་གྱི་གསང་བ་གྲངས་མེད་ཁྲ་ཆིལ་ལེར་བཞད།

ཆར་པས་ས་གཞི་བརླན་པ་ཅི་འདྲའི་འོས་ཤིང་འཚམ། འོན་ཏེ་གྲོག་མའི་ཚོགས་ལ་དཀའ་ཁག་ལྷག་ཏུ་གཏད་ནས་ཡོད་དེ། ཁོ་ཚོས་གཞིས་ཁྱིམ་ལན་གྲངས་མང་དུ་གནས་སྤོ་བྱས།

གཙང་ཆུ་རབ་ཏུ་ཉིལ་ཞིང་ན་བུན་དལ་གྱིས་རྒྱུ། རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ་བས་སྐོམ་པའི་གདུང་བ་རྩ་མེད་གྱུར། མཚམས་སྤྲིན་ཞིག་ལ་མི་སེམས་འདི་ཀོ་ལན་མང་ཁེན། ང་རང་ཡང་ནི་འཇའ་ཚོན་སྣ་ལྔའི་རུམ་ན་གཉིད།

སྟོན།

གསེར་མདོག་གི་ཞིང་སའི་མངལ་དུ་འབྲུ་ཡི་སྙེ་མགོ་རབ་ཏུ་དུད། སྟོན་རླུང་གི་འགྱུ་བའི་བར་དུ་ལོ་མ་སེར་པོ་ས་ལ་ཟགས། ཉི་མ་འཆར་ནུབ་ཀྱི་མཚམས་ཚིགས་སུ། མཚམས་སྤྲིན་གྱིས་མི་སེམས་བསླུ་བ་ཐེངས་གཅིག་ཙམ་མིན།

ཞིང་པ་ནི་དགའ་ཞིང་མགུ་ནས་ཡོད། གཡུལ་ཁ་ལས་འབྲུ་ཡི་བང་མཛོད་རིམ་གྱིས་བཏམས། ལོ་གཅིག་གི་དཀའ་བ་དང་ལེན་ཐུབ་རྗེས། དགའ་བདེའི་དཔལ་གྱིས་མྱོས་སོང་བ་ནི་ཞིང་པ་དག་ཡིན་ཡང་སྲིད།

ནམ་མཁའ་སྔོ་ཞིང་དྭངས་བས་ཟླ་བ་གསལ་ཞིང་བསིལ། སྤྲིན་དཀར་ཚོམ་བུར་འཁྱིལ་བ་དུང་ཟླ་བཞིན་དུ་དཀར། བསིལ་རླུང་ཡང་ཞིང་གཡོ་བས་ལུས་སེམས་བདེ་བས་མྱོས། སྟོན་ལོ་མཁའ་ལ་སྤུར་བ་སེམས་ཀྱི་མི་བཞིན་སྡུག 

གསེར་མདོག་གི་ས་གཞི་ལ་སྟོན་ཁ་ཞེས་འབོད་དུས། ནས་ཞིང་ནས་ངལ་གླུ་གྱེར་བའི་ཕ་ཡུལ་གྱི་མི་རྣམས་དྲན། ལས་ལ་བརྩོན་པའི་ཕ་ཡུལ་མཐོ་སྒང་གི་མི་རྣམས་དྲན།།

 


  • ལེ་ཚན་སྔོན་མ།:བཞི་པའི་ཉེར་དགུ་ཉིན་བུ་ཆུང་དང་མཉམ་དུ་རི་བསང་ལ་སོང་།
  • ལེ་ཚན་རྗེས་མ།:ཉི་ཟེར་ལ་ཆིབས་པའི་ཆོ་འཕྲུལ།