གླིང་བུ་ཚེ་རིང་དོན་འགྲུབ། 2018-05-07
གནའ་སྔ་མོའི་དུས་ནས་བཟུང་བོད་ལ་རྒན་པར་བརྩི་བཀུར་དང་གཞོན་པར་གཅེས་སྐྱོང་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ཆགས་ཡོད་ཅིང་། ད་ལྟའི་ཆར་ཡང་གོམས་གཤིས་བཟང་པོ་འདི་དག་མ་ཉམས་པར་མི་རབས་ནས་མི་རབས་བརྒྱུད་དེ་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད། གཞན་བཀུར་གྱི་རང་གཤིས་བཟང་པོ་ནི་དུས་ཡུན་རིང་པོར་ཆགས་པ་ཞིག་ཡིན་པ་ལས། དུས་ཡུན་ཐུང་ཐུང་ནང་ཆགས་དཀའ་ལ། དེའང་ཆུང་དུས་ཀྱི་ཁོར་ཡུག་དང་སློབ་གསོ། དད་མོས་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པ་རེད།
ང་རང་ནི་ཨ་མྱེ་དང་ཨ་ཡེའི་འགྲམ་ནས་ནར་སོན་པ་མིན་རུང་། རྗེས་སུ་ནར་སོན་དུས་ཁོ་ཚོ་ལ་འདང་བརྩེ་ཆེན་པོ་ཆགས་ཡོད། ཁོ་ཚོའི་གདོང་ལ་ལྷད་མེད་ཀྱི་འཛུམ་མདངས་མངོན་བཞིན་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་སློབ་གྲྭ་ནས་སློབ་སྦྱོང་ལ་བརྩོན་པ་བྱེད་དགོས་པ་དང་། ཁྱིམ་ནས་ཕ་མའི་ཁ་ལེན་ཚིག་བརྩི་བྱེད་དགོས་པའི་ཁ་ཏ་སློབ་གསོ་དེ་ནི་ནམ་ཡང་ངའི་སེམས་སུ་བཞག་ཡོད། ཕ་མ་གཉིས་ནས་ཀྱང་ཨ་མྱེ་དང་ཨ་ཡེ་ཁྱིམ་ལ་ཐོན་དུས་ཡར་ལངས་དགོས་པ་དང་། བསྙེན་བཀུར་བྱེད་དགོས་པ། ལག་པ་གཉིས་ནས་གསོལ་ཇ་དང་ཐུག་པ་འདྲེན་དགོས་ཚུལ་སོགས་ཀྱི་སློབ་གསོ་གནང་།
དེ་དང་དེ་འདྲ་བ་བོད་སྤྱི་ནས་རྒན་པར་བརྩི་བཀུར་དང་གཞོན་པ་བྱམས་སྐྱོང་བྱེད་བཞིན་ཡོད། སྔར་ཡིན་ན་གྲོང་ཚོའི་ནང་རྒན་གཞོན་ཕན་ཚུན་དང་། ཁྱིམ་མཚེས་སོགས་སྲང་ལམ་དང་གནས་གང་ནས་སོ་སོ་འཕྲད་ཀྱང་ཕན་ཚུན་ལ་མཚམས་འདྲི་དང་དགའ་སྤྲོའི་ལག་འཇུ་བྱེད་པ་སོགས་ལས། གདོང་ལ་འཛུམ་མདངས་མེད་པར་ཕན་ཚུན་མི་མཐོང་ཁུལ་བྱེད་པ་དང་ཁ་མི་གྲག་པའི་གནས་ཚུལ་སོགས་ཅི་ཡང་མེད། ལྐོག་རྒྱབ་ཏུ་གཞན་གྱི་སྐྱོན་གླེང་བ་དང་མཚང་འབྲུ་བ་སོགས་དེ་བས་ཀྱང་མེད་ལ། ཕན་ཚུན་བར་བཅོས་མ་མིན་པའི་མཛའ་བརྩེ་རང་བཞིན་གྱི་གོམས་གཤིས་ཡག་པོ་ཞིག་ཆགས་ཡོད་པ་རེད།
སྤྱིར་བཏང་གི་བོད་ཁྱིམ་ནང་ཟས་ཞིམ་པོ་ཡོད་ན་རྒན་པ་དང་དེ་ནས་རང་གི་ཕ་མ་སྤུན་མཆེད་སོགས་རང་ལ་ཆེ་བ་ལ་སྟེར་ཞིང་། ཁྱིམ་བདག་གིས་ཟ་མགོ་མ་བརྩམ་ན་གཞན་གྱིས་ཟས་ཀྱི་སྔ་མ་མི་བྱེད། ད་དུང་རྒན་པ་རྣམས་ལ་སྐད་ཆ་བཤད་དུས་ངག་འཇམ་པོ་དང་སྐད་ཡང་མོས་ལན་འདེབས་པ་ལས་སྐད་ལོག་རྒྱག་པའམ་ཐད་ཀར་ཕ་རོལ་བའི་མིང་འབོད་པ་སོགས་མེད། རྒན་པ་ཞིག་ཡིན་ནའང་གཞོན་རབས་པར་མཐོང་ཆུང་དང་གཤེ་གཤེ་མི་གཏོང་བར་ཡ་རབས་བྱེད་དགོས་པའི་སྐུལ་མ་གཏོང་བ་ཡིན།
གནའ་མིའི་གཏམ་དཔེར་ཡང་། རྒན་རབས་པ་དང་དྲིན་ཕ་མར་བརྩི་བཀུར་བྱས་ན་ཚེ་རིང་ཞིང་དོན་འགྲུབ་པར་བཤད། ཆུང་དུས་ཀྱི་རང་ལས་གཞན་གཅེས་ཀྱི་ལྟ་བ་དེས་ང་ཚོ་མི་རེ་རེའི་སེམས་སུ་ཐོག་མར་གཞན་ལ་བརྩི་བཀུར་བྱེད་དགོས་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་རེད། གོམས་གཤིས་བཟང་པོ་འདི་དག་ནི་དངོས་གནས་རིན་ཐང་བྲལ་བ་ཞིག་ཡིན་ལ། གཞན་ལ་ངོམ་ཆོག་པའི་རིན་ཐང་ཞིག་ཀྱང་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10