དཔྱིད་ཀ་དེར་འུ་གཉིས་ངོ་མ་མཐུན།

ཐུབ་རྒྱམ།        2018-05-23

     དགུན་གནང་གི་ལོ་ཟླ་རིང་མོར་གྱེས་ཕྱག་འཇོག་བཞིན་འུ་ཅག་དགའ་འཛུམ་གྱི་ཟུར་མིག་ཀློང་ནས་ཡང་བསྐྱར་ལྷན་འཛོམ་བྱུང་བར་ངོ་མ་རྟེན་འབྲེལ་ཡག ཁ་བའི་འཇིག་རྟེན་ལ་སྨུག་རླུང་གིས་སྒྲིབ་ཅིང་། སྤང་ལ་རྩྭ་ལྗང་རེ་གཉིས་ཀྱིས་མགོ་བོ་དགྱེས་ཚེ་འུ་ཅག་གིས་ཡང་བསྐྱར་ཁུག་མ་རེ་དྲུད་ནས་སྡོད་ཁང་གྲུ་བཞི་དེར་འཁོར་ཞིང་། དཔེ་ཆ་རྙིང་བ་དང་ལས་བྱ་འབྲི་དེབ་མཐུག་ཐག་ཆོད་རེ་པང་ནས་དགེ་རྒན་རེ་རེའི་སྒོ་འགྲམ་ནས་ཉམ་ཆུང་གི་སྣང་ཚུལ་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།

      འདི་ནི་འུ་ཅག་ལ་མཚོན་ན་ཆེས་མཇུག་མཐའི་སློབ་སྐབས་ཤིག་སྟེ། ཁྱིམ་བདག་ཚོས་རིམ་གྲོ་དང་སྨོན་ལམ་བརྗེད་མྱོང་མེད་ལ་དགེ་རྒན་ཚོས་གྲ་སྒྲིག་དང་དྲན་སྐུལ་ཡང་མ་ལུས་པར་ཡོད། འུ་ཅག་སྔར་བཞིན་བྱིས་བློ་གཙང་མ་ཞིག་གིས་ཕྱི་ནང་བཏུམས་ནས། ལན་རེར་མི་འགྱང་བར་འུ་ཅག་གྱེས་འགྲོ་ཞེས་སྐྱོ་ཉམས་ངང་ལབ་གླེང་ཐུང་ཐུང་རེ་བྱེད་སྲིད་ལ། རྒྱུན་པར་དཔྱིད་དཔལ་བུ་མོའི་འཛུམ་ཀོང་ནས་མཛའ་དུང་གི་རྩེད་འཇོ་རྐྱང་རྐྱང་གཡེང་ནས་གདའ།

      དཔྱིད་ཀ་དེར་ལྗང་མདོག་དང་རྨི་ལམ་འགྲོགས་ནས་དུས་ཚོད་ཀྱི་འཁོར་སྐར་ཡང་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པའི་ཚོར་བ་ཞིག་བྱིན་ཡོང་ལ། ལ་ལས་མ་འོངས་པ་གླེང་ཞིང་། ལ་ལས་འབྲལ་མི་ཕོད་ཟེར། ཡང་ལ་ལས་དེ་རིང་ལ་གཅེས་སྤྲས་བྱ་དགོས་ཟེར་ཞིང་ལ་ལས་ཕྱིར་དྲན་གྱི་འཛུམ་ཆུང་སློག སྐབས་དེར་ངོ་མ་མཐུན་པོ་ཡིན། ཁོ་བོས་དུས་ཚོད་མི་འདུག་ཟེར་ནས་མཛའ་འཕྲིན་ཐུང་ཐུང་ཞིག་གི་སྤོབས་པ་སྐྱེལ་ཡོང་ལ། ཁོ་མོས་ཀྱང་མི་ལོ་གཉིས་གསུམ་ཞིག་གི་ཉིན་ཐོ་སློག་མགོ་བརྩམས། ང་ཚོས་འདི་ལྟ་བུའི་བརྩེ་འདང་གི་འཇིག་རྟེན་ཆུང་ཆུང་ཞིག་ནས་ཐ་ན་མ་འོངས་པའི་ཁ་ཕྱོགས་ཀྱང་བོར་མགོ་བརྩམས།

      གཡུ་འབྲུག་སྔོན་མོའི་འཁྱུག་སྟབས་ཤིག་དང་ལོ་མགོའི་སྦྲང་ཆར་གྱི་འབབ་རྒྱུན་ལ་སེམས་པ་གླན་ན་མཛའ་མཐུན་གྱི་ལག་འཇུ་དམ་པོའི་ངང་གལ་ཏེ་འུ་ཅག་ཁ་ཁར་འགྲོ་དགོས་བྱུང་ཚེ་་་་”ཞེས་སྨྲེང་བ་ཁུར་བའི་མེ་ཏོག་ཅིག་མིག་མཐར་བྲིས་ཚེ། དམ་གྱིས་འཁྱུད་པའི་ལག་འཇུ་འདིའང་གཏོར་དུ་མེད་པའི་ལྕགས་ཐག་ཅིག་ཡིན་ན་ཅི་མ་རུང་སྙམ།

      ཡིན་ཡང་། ཅུང་མ་འགོར་བར་མིག་མཐར་མཆི་མས་སྐོང་ཞིང་། ངུ་ངག་མགྲིན་ལ་ཐོགས། ཕྱིར་མིག་ཡང་ཡང་བྱེད་བཞིན།དཔྱིད་རླུང་དང་ལྷན་དུ་ཁ་ཁར་གྱེས་སོང་ལ། ཁོ་བོས་ཁྱོད་ཀྱི་བྲིས་པའི་ཉིན་ཐོ་དག་ཡང་ཡང་ཀློག་གིན་དྲན་གདུང་གིས་མནར་འདུག་ལ། ཁོ་མོས་ཟླ་འོད་མོག་པའི་མཚན་ལྗོངས་རེར་ཡང་ཡང་རྒྱང་ལྟ་བྱེད་བཞིན་འཛུམ་ཆུང་གི་དཔྱིད་ཀ་དེར་འུ་གཉིས་ངོ་མ་མཐུན།


  • ལེ་ཚན་སྔོན་མ།:བོད་མིའི་གུས་བཀུར་གྱི་རང་གཤིས།
  • ལེ་ཚན་རྗེས་མ།:བློས་བསླངས་ཀྱི་མཚན་མོ།