ཏྲེ་ཧོར་ཉི་ཆུང་། 2018-03-21
མི་རིགས་གང་ཞིག་གི་སྐད་ཡིག་ཡིན་ན་དེ་ནི་མི་རིགས་དེའི་རྣམ་ཤེས་དང་བླ་སྲོག་ཡིན་པ་སྔོན་བྱོན་མཁས་དབང་ཡོངས་ཀྱི་མགྲིན་དབྱངས་གཅིག་གྱུར་དུ་གྲགས། དེས་ན་རྣམ་ཤེས་དང་བླ་སྲོག་ཅེས་པ་ནི་ཅི་ལྟ་བུ་ཞིག་ཡིན་ཅེ་ན། དེ་ནི་སྲོག་ཆགས་སམ་མི་ཡི་ངོས་ནས་བརྗོད་ན་ནམ་ཡང་འབྲལ་མི་རུང་བའི་ལུས་པོ་དང་ཚེ་སྲོག་སྦྲེལ་བྱེད་ཀྱི་ལྷུ་ལག་གཙོ་བོ་ཞིག་ཡིན། དེར་བརྟེན་ལྷུ་ལག་དེ་དང་འབྲལ་སོང་ན་ལུས་པོ་ནི་བེད་སྤྱོད་མེད་པའི་བམ་རོ་རུ་འགྱུར་ཞིང་དེ་མཚུངས་ཚེ་སྲོག་ཀྱང་སྣུམ་ཟད་ཀྱི་མར་མེ་བཞིན་མཚམས་ཆད། དེ་ནས་བཟུང་རྣམ་ཤེས་དང་བླ་སྲོག་དེ་ཡང་བདག་འཛིན་བྲལ་བའི་རླུང་བུ་ལྟར་མཁའ་དབྱིངས་ཁྲོད་ངེས་མེད་དུ་རྒྱུ་བ་ནི་བདག་མེད་ཀྱི་ལྡོམ་པོ་དང་འདྲ་ལ་མཐར་ལུས་པོ་དང་ཚེ་སྲོག་རྣམ་ཤེས་དང་བླ་སྲོག་ཡོད་དོ་ཅོག་ནག་འཐིབ་འཐིབ་ཀྱི་སྨག་རུམ་ཁྲོད་གཟིམ་ནས་སྲོག་ཆགས་སམ་མིའི་རྣམ་པ་དང་མི་ཡི་མིང་དེ་ནས་མཇུག་སྒྲིལ་བར་ངེས། གལ་ཏེ་ལུས་པོ་དང་ཚེ་སྲོག་བར་དུ་སྦྲེལ་བའི་ལྷུ་ལག་གི་རྣམ་ཤེས་དང་བླ་སྲོག་ལྡན་ན་དེ་ལ་གསོན་གཟུགས་དང་གྲུང་ཉམས། སྙིང་རུས་དང་ཕུགས་བསམ་བཅས་ལྷན་སྐྱེས་སུ་མངའ་བས་སྲོག་ཆགས་མཐོ་རིམ་དང་མི་ཡི་རིགས་ཞེས་བཀུར་ཏེ། དེར་མདུན་སྐྱོད་ཀྱི་གོམ་སྟབས་དང་བསམ་གཞིག་གི་དཔྱོད་པ། གསར་གཏོད་ཀྱི་བློ་གྲོས། དུས་གསུམ་གྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་འཛོམས་ལ། སྔོན་ཐོན་ལ་བསྟོད་བཀུར་དང་། རྗེས་ལུས་ལ་དམའ་འབེབས། མི་མཐུན་པ་ལ་བསླབ་བྱ་གནང་བའི་སྤོབས་སེམས་ལྡན་པ་མ་ཚད། རང་གི་རྒྱུད་འཛིན་ལ་མཛུབ་སྟོན་བྱས་ནས་བཟང་བ་ལེགས་འདེམ་དང་། ངན་པ་རིང་སྤངས་ཀྱི་འདུན་སྐུལ་མཆིས་ཞིང་། གཞན་ཡང་བརྩེ་དུང་། མཐུན་སྒྲིལ། ལ་རྒྱ། ཕྱོགས་རིས། གཟི་བརྗིད། རང་ལུགས། ལྟ་བ། ཆགས་སྡང་ཕན་གནོད་བཅས་མདོར་ན་འཇིག་རྟེན་ལུགས་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས། ད་དུང་དེར་འདོད་པས་ མིག་ལ་གཟུགས་མཛེས་དང་། རྣ་བར་སྒྲ་སྙན། སྣར་དྲི་ཞིམ། ལྕེར་རོ་བརྒྱ། ལུས་ལ་རེག་འཇམ་དགོས་ཁར་དེའང་བླ་ལྷག ཁྱད་ལྡན། སྒྱུ་བཟང་། སྤུས་ཡོད་སོགས་ལ་རེ་བའི་འདེགས་འཇོག་རྒྱུ་བ་ནི་གདོན་མི་ཟའོ། དེའི་ཕྱིར་རྣམ་ཤེས་དང་བླ་སྲོག་ལ། སྐྱེ་སྟོབས་ལྡན་པའི་ས་བོན་དང་། འཚོ་བཅུད་ལྡན་པའི་ཟས་མཆོག དྲོད་གྲང་སྙོམས་པའི་ལྭ་བ་སོགས་ཀྱིས་ནམ་ཡང་བསྒྲུན་ག་ལ་ཐུབ་བོ། །
དེས་ན་རྣམ་ཤེས་དང་བླ་སྲོག་ལྟ་བུའི་མི་རིགས་ཀྱི་ཡི་གེ་འདི་བོར་སོང་ན། དེ་ནས་བཟུང་མི་རིགས་ནི་ཤི་བོ་དང་། ཡང་ན་བླུན་པོ། རྨོངས་པ། གཉོམ་ཆུང་། རྗེས་ལུས། ཁ་འཐོར། དབུལ་ཕོངས། བྲན་གཡོག ཞ་བོ། ལོང་བ། ནད་རོ། སྨྱོན་པ་བཅས་སྐྱོན་ངན་ཡོད་དགུ་འཛོམ་པའི་ཁོར་ཡུག་ཞེ་མུར་བ་དང་སྐྱུག་བྲོ་བ་ཞིག་གྲུབ་ནས། དུད་འགྲོའི་ལག་གཡོག ཁྱི་གུའི་དཔུང་རོགས། ཝ་སྐྱེས་ཀྱི་ཞབས་ཕྱི་ལ་སོགས་འཇིག་རྟེན་བྱེད་པོས་ཆེད་དུ་གཏོང་བ་དང་འདྲ་བའི་ཚེ་སྲོག་གི་ལྷག་མ་ལྟ་བུ་ཞིག་ལུས་ངེས། དེས་ན་དེ་ལ་འོད་སྟོང་ལྡན་པའི་མདུན་ལམ་ཞིག་དང་། མཚར་སྡུག་ལྡན་པའི་ལོ་རྒྱུས་ཤིག སྙན་གྲགས་ལྡན་པའི་ཞབས་རྗེས་ཤིག་གང་ནས་ཡོང་། ནམ་ཡང་དཔའ་ཁུམ་གཉའ་ཞུམ་སྒྱུད་ལུག་རྣམ་གཡེང་ལེ་ལོ་གཏི་མུག་ཞེ་སྡང་ཕྲག་དོག་གི་དུག་མཚོ་ཞིག་བསྐྱིལ་བ་ལས་ནམ་ཡང་ཡར་རྒྱས་ཤིག་མེད་པར་འཁུམས་སོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10