སྐལ་ཐུབ་། 2018-03-19
ང་རང་ནི་རྒྱ་མཚོའི་ཕ་རོལ་དུ་བསྡད་ཡོད་ཅིང་ངའི་མི་ཚེ་ནི་འདི་ལྟར་རོལ་བ་ཡིན་ཏེ། ཕྲུ་གུ་དམར་འབྱར་ནས་ལོ་བཅུའི་བར་གྱི་དུས་ཚོད་ནི་ཤེས་བྱ་སྦྱང་རྒྱུ་གཙོ་བོ་མ་ཡིན་ཞིང་འཚོ་བར་མྱོང་ཚོར་བྱ་རྒྱུ་གཙོ་འཛིན་བྱེད་པ་དང་ཕལ་ཆེར་ཕྱི་རོལ་བས་མཐའ་ལ་ཕྱིན་ནས་རྩེད་མོ་དང་རྟོག་ཞིབ་གཙོས་པའི་ཐུན་མོང་གི་བྱ་འགུལ་སྣ་མང་སྤེལ་ནས་དུས་འདའ་བས་སྐྱིད་སྣང་ཆེ། དེ་ནས་ལོ་བཅུ་ནས་ལོ་ཉི་ཤུའི་བར་གྱི་དུས་ཚོད་ཕལ་ཆེར་རང་གིས་རང་རྐྱ་འཕེར་བས་ང་རང་གིས་མཛའ་གྲོགས་སྡེབ་པ་དང་རང་གི་དགའ་ཕྱོགས་སུ་གཏོགས་པའི་ཕུགས་འདུན་འཚོལ་སྙེག་བྱེད་གང་ཐུབ་བྱས་པ་ཡིན། ལོ་ཉི་ཤུ་ནས་ལོ་སུམ་ཅུའི་བར་གྱི་དུས་རིམ་ལ་ངས་སེམས་ཁྲལ་དེ་ཙམ་མི་དགོས་པར་ལས་ཀ་བརྟན་པོ་ཞིག་བཙལ་ནས་ལས་སྒྲུབ་བྱེད་པའི་དགའ་སྡུག་མྱོང་ཞོར་དུ་དུས་འདས་སོང་། ལོ་སུམ་ཅུ་ནས་བཞི་བཅུའི་བར་གྱི་དུས་རིམ་དུ་སླེབས་ཚེ་ངས་གང་ལ་རེ་སྙེག་བྱེད་པའི་དམིགས་འབེན་དེ་རྙེད་ཅིང་ཁང་པ་དང་འཁོར་རིགས། ཕྲུ་གུ་སོགས་འཛོམས་པའི་འཚོ་བ་སྐྱིད་པོ་ཞིག་རོལ་ནས་བསྡད་པ་ཡིན། ལོ་བཞི་བཅུ་ནས་ལྔ་བཅུའི་བར་གྱི་དུས་རིམ་ཁྲོད་དུ་ལས་ཀ་སོགས་འཚོ་བའི་དཀའ་ཁག་དང་གནོན་ཤུགས་དུ་མ་ཆུ་བོའི་རླབས་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་ངས་རང་གིས་རང་ལ་གུང་གསེང་བཏང་ནས་ལུས་སེམས་གཉིས་ཀའི་ངལ་དུབ་བར་སྣང་སྤྲིན་ལ་བསྐུར་བ་ཡིན། དད་པ་མེད་པའི་མི་ཚེ་ནི་སྟོང་སང་སང་ཞིག་ཡིན་པས་ང་རང་ལོ་ལྔ་བཅུ་ནས་དྲུག་ཅུའི་བར་དུ་སླེབས་ཚེ་ཆོས་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཞུགས་ཤིང་དགེ་སྒྲུབ་སྡིག་སྤང་བྱ་གང་ཐུབ་བྱེད་པས་མ་ཚད་འཛམ་གླིང་ལ་ལྟད་མོ་ལྟ་ཆེད་ག་ས་གང་དུ་ལྗོངས་རྒྱུར་འགྲོ་བ་ཡིན། ལོ་དྲུག་ཅུ་ནས་བདུན་ཅུའི་བར་དུ་སླེབས་པའི་ཚེ་ངས་རང་གི་མི་ཚེ་འདིའི་བདེ་སྡུག་རྒྱལ་ཕམ་ཐོབ་ཤོར་བཅས་ལ་ཕྱོགས་བསྡོམས་ཡང་དག་ཅིག་བརྒྱབ་ཅིང་དྲན་གསོའི་ཡི་གེ་བྲིས་ཏེ་བཞག་པ་མ་ཚད་མུ་མཐུད་དེ་ལྗོངས་རྒྱུ་གནས་སྐོར་བྱས་ནས་དུས་འདའ། ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་དུ་སླེབས་ཚེ་བག་ཕེབས་ངང་ཚེ་མཇུག་རོལ་ཞིང་ནམ་ཞིག་མི་རྟག་འཆི་བ་ཤར་བའི་ཚེ་གཡར་བའི་ཕུང་པོ་འདི་གཞུང་གིས་དུར་ཁྲོད་ཁང་དུ་བསྐྱལ་འགྲོ་བས་མི་ཚེ་འདིར་རྫོགས་ཚིག་ཀྱང་བྲིས་སོ། །
ང་རང་ནི་རྒྱ་མཚོའི་ཚུར་རོལ་དུ་གནས་ཤིང་ངའི་ཚེ་གཅིག་གི་གནས་ཚུལ་ནི་འདི་ལྟར་ཏེ། ཕྲུ་གུ་དམར་འབྱར་ནས་ལོ་བཅུའི་བར་གྱི་དུས་ཚོད་ལ་ངས་རིག་གནས་དང་ལག་རྩལ་སྣ་ཚོགས་སྦྱོང་བ་དང་རྒྱུགས་ལེན་སྣ་ཚོགས་བརྒྱུད་དགོས་པས་མ་ཚད་ཕལ་ཆེར་ངའི་ཕ་མའི་ཁ་མགོ་སྣ་དང་རེ་སྒུག་གི་ཆེད་དུ་ཡིན་པའི་སྣང་བ་ཤར་བཞིན་དུས་འདས་སོང་། དེ་ནས་ང་ལོ་བཅུ་ནས་ལོ་ཉི་ཤུའི་བར་གྱི་དུས་རིམ་དུ་སླེབས་དུས་རི་ལྟར་བརྩེགས་པའི་དཔེ་ཆ་ཀློག་བཞིན་ཉི་ཟེར་གྱི་རྡུལ་ལྟར་མང་བའི་ཡིག་རྒྱུགས་སྤྲད་དེ་ལུས་སེམས་ངལ་དུབ་ལས་ཐར་བའི་དུས་ཤིག་ཡོད་སྙམ་ཤར་མ་མྱོང་། དེ་ནས་ལོ་ཉི་ཤུ་ནས་ལོ་སུམ་ཅུའི་བར་གྱི་དུས་རིམ་ལ་ངས་རང་གི་ལོ་རྒྱུས་མདོར་བསྡུས་ཁུར་ནས་ཡར་རྒྱུག་མར་རྒྱུག་བྱས་ཏེ་ལས་ཀ་ཞིག་ཨེ་རག་བལྟས་ནས་ཉིན་མོའི་ཟས་མི་འདོད་ཅིང་མཚན་མོའི་གཉིད་ཀྱང་མི་ཡོང་། ལོ་སུམ་ཅུ་ནས་བཞི་བཅུའི་བར་གྱི་དུས་རིམ་དུ་སླེབས་ཚེ་ངས་ཁང་པ་དང་འཁོར་རིགས་ལ་སོགས་པའི་སེམས་ཁྲལ་བྱས་ནས་ཉིན་མཚན་ལྟོས་མེད་དུ་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད། ལོ་བཞི་བཅུ་ནས་ལྔ་བཅུའི་བར་གྱི་དུས་རིམ་ཁྲོད་དུ་ངས་རང་གི་བུ་ཕྲུག་ལ་སེམས་འཁྲེང་ཞིང་ཟ་མི་བྲ་བ་དང་། འཐུང་མི་བྲ་བ། སྤྱོད་མི་བྲ་ནས་དངུལ་གསོག་པ་ཡིན། ལོ་ལྔ་བཅུ་ནས་དྲུག་ཅུའི་བར་དུ་སླེབས་ཚེ་ང་རང་གི་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུ་འདུག་སྙམ་ཡང་ལས་འཁྱུར་ངལ་གསོ་ཡང་བྱེད་རན་འདུག་པས་དེའི་རྗེས་ཀྱི་འཚོ་བར་འདང་ཞིག་མི་རྒྱག་ཀ་མེད་བྱུང་། ལོ་དྲུག་ཅུ་ནས་བདུན་ཅུའི་བར་དུ་སླེབས་པའི་ཚེ་ངས་འབད་པ་ཆེན་པོས་དུས་ཚོད་ཕལ་ཆེར་ལུས་ཁམས་གསོ་བའི་ཐབས་ལ་འབད་པ་ཡིན་ཡང་འཁྲིས་སུ་ད་དུང་ཚ་བོ་དང་ཚ་མོ་གསོ་དགོས་ཀྱི་འདུག ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་དུ་སླེབས་ཚེ་བག་ཕེབས་ངང་ཚེ་མཇུག་རོལ་ཞིང་ནམ་ཞིག་ཨ་ཁུ་ཆོས་ཀྱི་རྒྱལ་པོས་བརྡ་བཏང་ནས་འགྲོ་རན་པའི་ཚེ་གཞི་ནས་རང་གིས་ཚེ་གཅིག་ལ་བསགས་པའི་སྒོར་མོས་དུར་ཁྲོད་ཀྱི་ས་གྲུ་བཞི་མ་ཞིག་ཉོ་བའི་རིན་པ་ཡང་འདང་གི་མི་འདུག འགྱོད་ཀྱང་མི་ཕན་ཏེ་མི་ཚེ་འདིར་རྫོགས་ཚིག་བཀོད་ཟིན་པའི་ཕྱིར་རོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10