གེ་སར་རྒྱལ་པོ།

རྣམ་གླིང་རིན་ཆེན།        2018-02-01

      ལྷ་སྒྲུང་དང་ལྷ་སྒྲུང་ལས་མཆེད་པའི་གཏམ་རྒྱུད་རིང་མོ་ཞིག་ཞོགས་པའི་ཉི་གཞོན་དང་བསྡོངས་ནས་གནའ་མི་ཚོའི་ངག་ལས་བྲག་ཆ་བཞིན་སྒྲོག་ཅིང་།  དགོང་མོའི་མཚམས་སྤྲིན་དང་འགྲོགས་ནས་འདབ་ཆགས་ཚོའི་གྲེ་འགྱུར་དང་དབྱངས་རྟའི་ཁྲོད་དལ་བ་དལ་བུར་ལྷའི་ཕང་བར་ཐིམས་སོང་།

      དུས་རྒྱུན་དབྱར་སྐྱེས་རྔ་གསང་གི་ལྡིར་སྒྲ་གྲགས་ཐེངས་རེར།  གནའ་མི་ཚོས་ཀྱལ་ཀ་དང་ཀུ་རེའི་ཚུལ་ལམ་ཡང་ན་ཧ་ཅང་དོ་ནན་པོས་མཁའ་དབྱིངས་སུ་མཛུབ་མོ་བཙུགས་ཏེ།  དེ་ནི་གེ་སར་རྒྱལ་པོ་ཞེས་པའི་ལྷ་ཡི་སྤྲུལ་པའི་དཔའ་བོ་དེས་ཀི་སྒྲ་སྒྲོག་གིན་ཕ་རོལ་དགྲ་བོ་ཚར་གཅོད་བྱེད་དུ་ཕེབས་བཞིན་པ་རེད་ཟེར།  ནམ་རྒྱུན་ཆར་པ་བབས་ཐེངས་རེར།  བྱིས་པ་པྲ་ཚགས་ཚོས་ཆར་དཀྱིལ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཞོར་དེ་ནི་གེ་སར་རྒྱལ་པོས་མི་ཡུལ་ལ་སྙིང་རྗེའི་སྦྲང་ཆར་བསྩལ་ནས་མི་ཚོའི་ཉོན་མོངས་དུག་གསུམ་འཇོམས་པར་སྐུལ་མ་དང་དྲན་བརྡ་གཏོང་བཞིན་པ་རེད་ཟེར།  ཨ་སྔོན་མཐོན་པོའི་ཚོན་མདོག་སྣ་ལྔའི་དབང་པོའི་གཞུ་རིས་འདྲེན་བྱེད་ཀྱི་ལམ་དུ་འཆར་ཐེངས་རེར།  ལུང་པའི་བྱད་མེད་ཚོས་དེ་ནི་གེ་སར་རྒྱལ་པོའི་བཙུན་མོ་མཛངས་མའི་ཡོན་ཏན་མ་ལུས་པ་ཚང་བའི་ཨ་ཅེ་སེང་ལྕམ་འབྲུག་མོས་པང་གདན་འཐག་བཞིན་པ་རེད་ཟེར།

      ཕ་ཡུལ་གྱི་རྒན་གཞོན་ཚང་མས་གེ་སར་རྒྱལ་པོ་དང་འབྲེལ་བའི་ངོ་མཚར་གཏམ་རྒྱུད་གང་མང་གླེང་བཞིན་འགའ་རེས་གེ་སར་ནི་ལྷ་ཡུལ་ནས་ཆེད་དུ་མི་ཡུལ་ལ་ཕེབས་པའི་ལྷ་སྒྲུང་ནང་གི་མི་སྣ་ཞིག་རེད་ཟེར་བ་དང་།  འགའ་རེས་ས་ཆ་གང་དུ་གེ་སར་རྒྱལ་པོའི་དུས་ཀྱི་རྗེས་ཤུལ་སྣ་ཚོགས་ཡོད་ཟེར་བཞིན་གེ་སར་ནི་དངོས་སུ་བྱུང་མྱོང་བའི་ལོ་རྒྱུས་ཐོག་གི་མི་སྣ་ཞིག་རེད་ཟེར།

   གང་ལྟར་དེ་ནི་ཆེས་སྤྱིར་བཏང་གི་ལྷ་སྒྲུང་ཞིག་མ་ཡིན་ཏེ། ལྷ་སྒྲུང་དེ་ནི་མི་རབས་དང་མི་རབས་དུས་རབས་དང་དུས་རབས་བརྒྱུད་ནས་བརྗོད་ཀྱང་བརྗོད་མི་ཚར་བ་ཞིག་རེད།  ལྷ་སྒྲུང་དེ་ལས་མི་རིགས་ཤིག་གི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་བལྟམས་པའི་རིག་གནས་ཀྱི་ཉིང་བཅུད་མཐོང་ཐུབ་ལ།  ལྷ་སྒྲུང་དེ་ལས་གངས་དཀར་གྱི་འདབས་སུ་འཚོ་ཞིང་ནོར་ལུག་གི་རྨིག་རྗེས་དེད་པའི་མི་རིགས་འདིའི་སྔར་སོང་ལོ་རྒྱུས་ཀྱི་གཟུགས་བརྙན་མང་པོ་རྡོ་ལ་རི་མོ་བརྐོས་པ་བཞིན་མཐོང་ཐུབ།  དེས་ན་འདི་ནི་ལྷ་སྒྲུང་དང་ལྷ་སྒྲུང་ལས་འདས་པའི་ལྷ་སྒྲུང་ཞིག་ཅིས་མ་ཡིན།

 གེ་སར་རྒྱལ་པོ། ཁྱེད་ལ་བཙན་པོའི་གཉའ་ནས་གནོན་ནུས་པའི་དཔའ་སྟོབས་ཡོད་ལ།  གཉོམ་ཆུང་མཐའ་ནས་སྐྱོང་བའི་བྱམས་སྐྱོང་ཡོད་ཟེར།  གེ་སར་རྒྱལ་པོ།  ཁྱེད་ལ་སྔ་དྲོ་གསོད་པའི་སྤོབས་པ་ཡོད་ལ།  ཕྱི་དྲོ་འདྲེན་པའི་ནུས་མཐུ་ཡོད་ཟེར།  གནའ་ནས་ད་བར་ཡུལ་མི་ཚོས་ཁྱེད་ཉིད་གླེང་བཞིན་ཡོད་ལ།  ཕོ་རྒོད་ན་གེ་སར་རྒྱལ་པོ་དང་མོ་མཛངས་ན་སེང་ལྕམ་འབྲུག་མོ་ཞེས་ཕོ་རྒོད་མོ་མཛེས་ཀྱི་ཚད་གཞི་ཉག་ཅིག་ཏུ་འཇོག་བཞིན་མུ་མཐུད་ཁྱེད་ཀྱི་གཏམ་རྒྱུད་གླེང་བཞིན་མཆིས།


  • ལེ་ཚན་སྔོན་མ།: ཕ་ཡིས་བུ་ལ་ཕ་སྐད་སློབ་པའི་བརྒྱུད་རིམ།
  • ལེ་ཚན་རྗེས་མ།:མི་ཚེ་ཀ་པ་དང་ཁ་པ།