སྦྲ་ནག་པ་ཤེར་ལྡན། 2018-03-23
ཤེས་བྱ་གང་ཞིག་ཡིན་རུང་དེ་བསླབས་རྗེས་བེད་སྤྱོད་བྱེད་ཤེས་མིན་ལ་རག་ལས་པ་ལས་སྤྱོད་སྒོ་མེད་པའི་ཤེས་བྱ་ཞིག་ཨེ་ཡོད་སྙམ། དེང་སང་མཁས་མིང་དུ་འབོད་པ་འགའ་རེས། སློབ་ཆེན་པ་ཚོ་ལ་སྒྲ་ཚད་སོགས་ཀྱི་ཤེས་བྱ་དེ་ཉག་མཁོ་མེད་པར་སྨྲ་བ་དང་། དེ་དགོན་སྡེ་གྲྭ་བཙུན་དག་གིས་སློབ་རྒྱུ་ཞིག་ལས་ང་ཚོས་སློབ་རྒྱུ་ཞིག་མིན་ཞེས་ལབ་མཁན་འདུག ཕྲན་ནི་ལྟ་ཚུལ་དེ་ལ་འཐད་པ་ཞེ་དྲག་མི་འདུག སྤྱིར་ན་བོད་ཀྱི་སློབ་གྲྭ་དག་ན་སྒྲ་ཚད་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་ཉུང་བ་དང་། གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་དེ་ཁྲིད་མཁན་ཚད་ལྡན་ཞིག་བཀོད་སྒྲིག་བྱེད་དཀའ་བ་བོད་ཀྱི་སློབ་གྲྭ་སྤྱི་ཡི་ཐུན་མོང་གི་དཀའ་གནད་གཙོ་བོ་ཞིག་རེད།
དེ་ལྟར་ཡིན་མོད། ཤེས་བྱ་དེ་དགོས་མཁོ་མེད་སོང་བ་མ་ཡིན་པར། དེ་སྦྱོང་བའི་ཁོར་ཡུག་སྟོང་འདུག་པ་དང་། དེ་སྟོང་བས་སྦྱངས་ནའང་ཆ་ཚང་ཞིག་བསླབ་མི་ཐུབ་པ་རེད།
བོད་ཀྱི་རིག་གནས་ལེགས་པོ་ཞིག་ཤེས་འདོད་ན། སྒྲ་ཚད་སོགས་ནི་མ་སྦྱངས་ཐབས་མེད་ཅིག་རེད། རིག་ཚན་དེ་དག་བོད་ཀྱི་རིག་གནས་ཀྱི་མ་ཡུམ་ལྟ་བུ་ཞིག་རེད་ཅེས་བཤད་ཀྱང་ཐལ་དྲགས་མི་འདུག
ང་ཚོས་སྲོལ་རྒྱུན་སློབ་གསོ་རུ་འབོད་པ་དེ་ཡང་ཕར་དེད་ན་འདི་རིགས་ཀྱི་རིག་ཚན་གཙོ་བོ་གཉེར་བ་དེ་དག་ལ་གོ་ཡི་ཡོད་པ་འདྲ། ལྷག་པར་སྔོན་གྱི་གསུང་རབ་དག་མཇལ་ན། སྒྲ་ཚད་སོགས་ཀྱི་བློ་སྦྱོང་མེད་ན། མཁས་ཆེན་དམ་པ་ཚོའི་གསུང་རབ་དེ་དག་བཀླག་འདོད་ཀྱང་ལས་སླ་བོ་ཞིག་ཡེ་ནས་མ་རེད།
ཧྲུའུ་པུན་ཧྭ་ཡིས་གསུངས་པར། དེང་སང་གི་དཔེ་ཆ་གསར་བ་དེ་ཚོར་ལྟ་བ་ལས་སྔོན་བྱོན་དམ་པ་ཚོའི་གསུང་རབ་ལ་བལྟས་ན་དགེ་བ་བརྒྱ་འགྱུར་གྱིས་འཕེལ་བར་བཤད། (མིང་ཐེན་གྱིས་འདི་དང་ལྡོག་པའི་སྐད་ཆ་ཞིག་ཀྱང་བཤད་མྱོང་མོད། འདིར་མི་དྲངས་བར་བྱ། བྱ་དངོས་གང་ཞིག་ཡིན་ཡང་ཟུར་མི་འདྲ་བ་རེ་རེ་ན་གནས་ལུགས་རེ་རེ་ཡོད་པས། དྲང་ཐིག་གཅིག་ཏུ་ཁེལ་དགོས་ན་ནི་ཤིན་ཏུ་དཀའ་འོ། །)
ང་ཚོ་ནི་གསེར་ཞུན་ལྟ་བུའི་གསུང་རབ་དེ་དག་ཁ་འབྱེད་པ་ཙམ་གྱིས་ཀྱང་མགོ་ན་ཡོང་གི་རེད། ག་རེ་ཞེས་ན་སྒྲ་ཚད་སོགས་ཀྱི་བློ་སྦྱོང་ཨེན་ཙམ་ཡང་མེད་པས། གོ་བ་མཐིལ་ཕྱིན་པ་ཞིག་ལོན་དཀའ་ཨང་།
ནང་བསྟན་ལྟ་བུ་ལ་མཚོན་ན་ཡང་། ནང་ཆོས་སུ་བཤད་པའི་འཇིག་རྟེན་གྲུབ་ཚུལ་དང་དེ་གྲུབ་བྱེད་ཀྱི་རྡུལ་ཕྲ་རབ་སོགས་ཀྱི་ངོས་འཛིན་ཚུལ་དེ་ནི་ཧ་ལས་དགོས་པ་ཞིག་རེད། ང་ཚོས་ས་ཁམས་ལ་སྦྱངས་བ་ཨེན་ཙམ་བྱས་ཡོད་པ་རེད། ཚན་རིག་དུ་བཤད་པའི་འཇིག་རྟེན་གྲུབ་ཚུལ་དང་ནང་ཆོས་སུ་བཤད་པའི་འཇིག་རྟེན་གྲུབ་ཚུལ་དང་དེ་དག་གྲུབ་བྱེད་ཀྱི་རྡུལ་ཕྲན་ངོས་འཛིན་ཚུལ་ལ་འདྲ་ས་མོད་ལ། མི་འདྲ་སའང་མང་མོད། ང་ཚོས་དེ་གཉིས་ཟུང་འབྲེལ་ཀྱི་སྒོ་ནས་ཤེས་བྱ་གསོག་ཐབས་ལ་འབད་པ་བྱས་ན་ངེས་ཤེས་གསར་བ་ཞིག་ཀྱང་འདྲོང་ཐུབ་པར་འདོད། དེས་ན་ཤེས་བྱ་གང་ཡིན་ཡང་སྤྱོད་གོ་མི་ཆོད་ནི་ཞིག་མེད་པས། ཚང་མར་རྒྱུས་ལོན་ཨེན་ཙམ་རེ་ཡོད་ན་ཧ་ཅང་བཟང་བར་སྙམ།
ཐོར་སི་ཐའེ་ཡི་གསུང་ཞིག་ན། མི་ལ་ལས་ཤེས་རྒྱུ་མང་པོ་ཞིག་ཤེས་ཀྱང་། བེད་སྤྱོད་གཏུབ་མཁན་ཉུང་བར་ལབ། ཚིག་འདིས་འུ་ཚོའི་བེད་ཆོད་ཀྱི་མེད་པའི་ཆ་དེ་ལ་སུན་འབྱིན་གནང་འདུག བེད་ཆོད་མིན་དེ་ཤེས་བྱའི་སྟེང་ན་གྲུབ་མེད་པར། དེ་ནི་ཤེས་བྱ་དེ་ཇི་ལྟར་བཀོལ་བའི་གང་ཟག་དེའི་ཤེས་རབ་ལ་ཐུག་འདུག་སྙམ། དེ་བས། ཁོ་བོས་གོང་དུ་བཤད་པ་བཞིན། འཇིག་རྟེན་འདིར་སྤྱོད་སྒོ་མེད་པའི་ཤེས་བྱ་ཞིག་མེད། གཙོ་བོ་གང་ཟག་ཁྱོད་ཀྱིས་བེད་སྤྱོད་གཏུབ་མིན་ལ་ཐུག་ཡོད་པར་འདོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10