ཚོགས་པ་དང“ཚོགས་པ”

སྟག་རིག་འབྲུག་ཐར།        2017-12-12

     ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་སློབ་གྲྭ་དང་དགོན་པ། སྤྱི་ཚོགས། ཡུལ་སྡེ་སོགས་སུ་ཚོགས་པ་མང་པོ་ཞིག་བཙུགས་དང་འཛུགས་བཞིན་པ་ནི་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན། ལྷག་པར་དུ་ད་ལྟའི་དུས་འདིར་གཞན་ལས་རང་གཅེས་ལ་འདུར་བའི་སྒེར་འཛིན་གྱི་བློ་འཕེལ་བའི་སྤྱི་ཚོགས་སུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་ཤེས་རིག་ཡར་སྐུལ་ཚོགས་པ། ཀུན་ཕན་སྙིང་རྗེ་ཚོགས་པ། ཕ་སྐད་སྲུང་སྐྱོབ་ཚོགས་པ། གྲོན་ཆུང་ཚོགས་པ་སོགས་ལས་རིགས་མི་གཅིག་ཅིང་དམིགས་ཡུལ་ཐ་དད་པའི་ཚོགས་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་མིག་མཐོང་ལག་ཟིན་ཏུ་གྲུབ་ཡོད་པ་བསྔགས་པའི་གཞི་དང་བསྟོད་པའི་གནས་སུ་འཁུམས། ཡིན་ཡང་ཚོགས་པ་ཞིག་འཛུགས་རྒྱུ་ནི་ད་ལྟའི་ཁ་པར་ཁྲོད་ཀྱི་ཚོགས་པ་གང་རུང་ངམ་འཕྲིན་སྟེགས་སྣ་ཚོགས་གཟུགས་རྒྱུ་ལྟ་བུའི་ལས་སླ་མོ་ཞིག་ག་ལ་ཡིན། ཁ་དཔེར་ཡང་མགོ་རྩོམ་སླ་ཡང་མཇུག་བསྡུ་དཀའ་ཞེས་པ་ལྟར་ད་ལྟའི་སྤྱི་ཚོགས་ཁྲོད་རྣ་ཐོས་གོ་ཐོས་སུ་གྱུར་བའི་ཚོགས་པ་ལ་ལར་འཆར་གཞིའི་རི་མོ་མེད་ཅིང་དམིགས་ཡུལ་གྱི་གཏད་སོ་མེད་པ། མ་འོངས་པའི་ཁ་ཕྱོགས་མོག་ཅིང་བཟང་ཁ་མཐུན་ཕྱོགས་ལ་ཁ་གཏད་པས་འུར་ལ་མོས་ཤིང་སྙན་གྲགས་ཀྱི་ཆོ་ལོ་བསམ་པ། གོང་རིམ་གྱི་ལས་གཞིར་བརྩོན་ཞིང་ཉེ་དགའ་ཕྱོགས་ཞེན་གྱི་རྔམས་མཐུག་པའི་སྣང་ཚུལ་ཞེ་སྐྱོ་བ་མང་པོ་ཞིག་མཐོང་ཐོས་ཀྱི་ཆོས་སུ་གྱུར་འགྲོ། ལྷག་པར་དུ་ཁྲ་ཁྲ་རིག་རིག་གི་ཚོན་སྣ་མང་པོས་གཡོགས་ཤིང་སྣ་ཚོགས་འཁྲུག་ཆ་དོད་ལ་སྙིང་བོས་དབེན་པའི་ཚོགས་རྟགས་རྟས་མི་ཐེག་པའི་རི་མོ་ཞིག་ཇུས་འགོད་བྱས་ཏེ་ཡིན་མདོག་ཁ་བོས་དྲིལ་སྒྲོག་ཁོ་ནར་འབད་པའི་ལས་ཀ་མངོན་སུམ་དུ་རིག་ཐུབ།

     ཚོགས་པ་གང་རུང་ཞིག་འཛུགས་སྒྲུབ་བྱས་ཉིན་ནས་བཟུང་ཚོགས་པ་དེས་མིའི་རིགས་སྤྱི་དང་ནང་སྒོས་སུ་རང་ཉིད་དང་འདྲིས་ཤིང་ལོབས་པའི་ཁོར་ཡུག་ལ་ནུས་པ་བླ་ལྷག་ཅིག་ཐོན་མི་ཐུབ་རུང་ས་ཆུའི་ཚོད་ཀྱི་རི་དྭགས་ལྟར་དུ་ཞབས་འདེགས་ཕྲན་བུ་རེ་ཞུ་ཐུབ་རྒྱུ་ནི་རྣམ་དཀར་དགེ་བའི་ལས་ལས་མ་འདས། ཡིན་ཡང་ཚོགས་པ་ལ་ལ་ནི་དེང་རབས་དྲྭ་རྒྱའི་སྒང་ཁོ་ན་ལས་ཆེ་ཆེ་དྲག་དྲག་བྱེད་པ་ལས་སྤྱི་ཚོགས་ཀྱི་གནས་བབ་དངོས་སུ་ཞུགས་ཤིང་ལག་ལེན་དངོས་ལ་གཞོལ་ནས་ཕན་ཐོགས་སམ་རོགས་རེས་ཀྱི་རྒྱབ་སྐྱོར་ཏིལ་འབྲུ་ཙམ་ཡང་ཐོན་གྱིན་མེད་པའི་སྣང་ཚུལ་འདུག གཞན་ལ་དཀར་པོའི་ཆོས་བཞིན་ཕན་འབྲས་ཅུང་ཙམ་ཡང་མ་ཐོན་ཚེ་ཚོགས་པ་ཟེར་བའི་ཐུན་མོང་ཞིག་གྲུབ་ཀྱང་ཁ་སྟོང་ནང་གི་ཚིག་སྟོང་ལས་གཞན་ཅི།

     ཡིན་ན་ཡང་ཚོགས་པ་ཡོད་ཚད་དེ་འདྲ་ཞིག་ཁྱོན་ནས་མ་ཡིན་ཏེ། ཀུན་སློང་གི་ས་བོན་དཀར་པོ་རྒྱས་ཤིང་ངལ་བ་བརྒྱ་དང་རྩོལ་བ་འབུམ་ལས་ཐོན་པའི་ཚོགས་པ་ལ་ལ་ནི་དངོས་འབྲེལ་ཁ་བཤད་དོན་ལ་གནས་པའི་ཁ་ཚ་དགོས་གཏུག་གི་དོན་བྱ་ལེགས་པོ་འབའ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་པའི་སྣང་ཚུལ་མང་པོ་མཐོང་ཞིང་། འབད་འབུངས་དང་དཀའ་སྤྱད་སྡུག་རུས་ཀྱིས་བསྐྱལ་བའི་ཚོགས་པ་དེ་དག་གི་འབྲས་རྟགས་གང་མང་ཞིག་ཀྱང་ང་ཚོའི་མིག་གི་རྒྱན་དུ་གྲུབ་ཡོད་ངེས།

ཚོགས་པ་ཞིག་གི་ནུས་པ་ནི་ཐུན་མོང་ལས་རིགས་ཤིག་རྩ་འཛུགས་བྱས་པའི་བྱེད་ནུས་ཀྱིས་མ་འོངས་འཕེལ་རྒྱས་ལ་སྐུལ་འདེད་དང་རོགས་རམ་སྒོས་གོ་རིམ་ལྡན་ཞིང་མདུན་ལྗོངས་ཡག་པོར་སྣེ་ཁྲིད་པ་དང་རྒྱབ་སྐྱོར་རྒྱག་པར་ཕན་ནུས་ལྡན་པ་ཞིག་ཏུ་འདོད། ཚོགས་པ་ཞིག་གྲུབ་ཉིན་ནས་བཟུང་ཚོགས་མི་ཚང་མས་རང་ཉིད་ཀྱི་ལྷག་བསམ་དྭངས་མོ་དེ་མཛའ་བརྩེ་དང་མཐུན་སྒྲིལ་ལ་བརྒྱུས་ཏེ་རྒྱ་མཚོའི་ནང་དུ་དཀར་ཐིགས་ཞེས་པ་ལྟར་འཛོམས་ཚོད་ཀྱི་དངོས་རྒྱུ་གང་རུང་ནས་རོགས་དན་མཛད་དགོས་ཤིང་། དེ་ལ་བསམ་བློའི་རྒྱབ་སྐྱོར་དང་དངོས་པོའི་རྒྱབ་སྐྱོར་གནང་ཚེ། ཐུན་མོང་ཚོགས་པ་ཞིག་གི་ནུས་པ་གལ་ཆེན་ཐོན་པ་བཤད་མ་དགོས།

     དཀར་པོ་ཆོས་ལ་མཐའ་མེད་ཅེས་པ་བཞིན་ད་ལྟ་ང་ཚོའི་ཁོར་ཡུག་ཀུན་ནས་མིག་མཐོང་ལག་ཟིན་དུ་གྲུབ་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ལྟ་བུ་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་ཅིས་ཀྱང་སྒྲོག་སྤེལ་བྱ་དགོས་ཤིང་ལག་ལེན་དངོས་ལ་འཇུ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། གལ་སྲིད་ང་ཚོའི་ཉེ་འཁོར་གང་རུང་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་དང་གནོད་སྐྱོན་ཐེབས་པའི་ཚེ་ན། ང་ཚོའི་མ་འོངས་པའི་བདེ་སྐྱིད་དང་འཚོ་གནས་ལ་དཀའ་ཁག་འཕྲད་སྲིད་པས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ལྟ་བུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ནུས་གལ་ཆེན་ཐོབ་པ་རེད།

     ཕ་སྐད་སྲུང་སྐྱོབ་ཚོགས་པ་ལྟ་བུར་མཚོན་ན་ཡང་འཕེལ་རྒྱས་མགྱོགས་པའི་ད་ལྟའི་སྤྱི་ཚོགས་ཀྱི་འཁོར་རྒྱུག་གི་དབང་གིས་གྲོང་ཁྱེར་ཆེན་པོ་རུ་མི་རིགས་སྣ་མང་འདུས་ཏེ་རང་རང་གི་འཚོ་ཚིས་ལ་འབད་ཅིང་འབུངས་བཞིན་ཡོད་མོད། སྐད་རིགས་དུ་མའི་བརྡབ་གསིག་གི་ཁྲོད་དུ་སྐད་རིགས་ལ་ཆག་ཆེ་ཉམ་ང་འབྱུང་བ་ཆོས་ཉིད་དུ་གྲུབ་ཡོད་རྐྱེན། རང་སྐད་དོར་ནས་གཞན་སྐད་རྒྱག་པར་སྤྲོ་བ་ཆེ་བའམ་རང་སྐད་ལ་གཞན་སྐད་བསྲེས་སྦྱོར་བྱེད་པའི་ར་མ་ལུག་གི་སྣང་ཚུལ་ལྟ་བུའི་སྦྱོར་བ་སྐྱོ་བོ་ཐོས་འཛིན་དུ་རླུང་ལྟར་གྲག་བཞིན་ཡོད། དེ་བས་རང་རང་གི་སྐད་རིགས་འོ་མ་འདྲ་བོར་ལྷད་སྐྱོན་ཐེབས་པར་འགྱུར་ཚེ་སྐད་ཆ་དག་ཐེར་དང་སྦྲགས་སྐད་ཡོ་བསྲང་ལ་ནུས་པ་གལ་ཆེན་འདོན་རྒྱུ་གཙིགས་ཆེ་བས། ཕ་སྐད་སྲུང་སྐྱོབ་ཚོགས་པ་ཞིག་ཅིས་ཀྱང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ལ། ཕ་སྐད་སྲུང་སྐྱོབ་ཚོགས་པས་རང་རང་གི་སྐད་རིགས་ལ་བསླད་མི་འདྲེས་པ་བྱ་རྒྱུ་ནི་དཔེར་ན་སྐྱེད་ཚལ་གྱི་གཞི་རུ་ཁ་དོག་སྣ་ལྔས་གྲུབ་པའི་མེ་ཏོག་བཀྲ་ཚེ་རང་བྱུང་གི་མཛེས་སྡུག་མངོན་པར་དོད་པ་ཇི་བཞིན་རང་རྐྱ་འཕེར་བའི་རིག་གནས་ཤིག་ཆགས་སུ་འཇུག་རྒྱུ་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།

     གྲོན་ཆུང་ཚོགས་པ་ལྟ་བུ་ནི་འབྱོར་འབྲིང་སྤྱི་ཚོགས་ལ་ཕྱོགས་ཤིང་འཚོ་བ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་ཡོང་བཞིན་པའི་མི་གྲངས་མང་ཞིང་ས་རྒྱ་ཆེ་བའི་རང་རེའི་རྒྱལ་ཁབ་ལྟ་བུ་ལ་ཅིས་ཀྱང་མཁོ་བ་སྟེ། འཚོ་བའི་དཔལ་འབྱོར་གྱི་སྣང་ཚུལ་ཇེ་མཐོར་སོང་བས་བཟའ་བཏུང་གི་སྤྱོད་སྒོའི་ཐད་དུ་དོན་མེད་ཆུད་ཟོས་བྱེད་པའི་སྤྱོད་ངན་ཡང་ལྟོས་བཅས་སྒོས་མངོན་གསལ་དུ་མང་པོ་མཐོང་བས་ཐུན་མོང་ཚོགས་རའམ་སྡེ་ཁག་གང་རུང་དུ་ཆུད་ཟོས་སྔོན་འགོག་བྱས་ཏེ་གྲོན་ཆུང་གི་འདུ་ཤེས་སྐྱེད་སྲིང་བྱ་རྒྱུ་ནི་དགོས་གལ་ཆེ་ཞིང་མ་འོངས་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་དང་ནུས་པ་ཐོན་པའི་བྱེད་ཐབས་ལེགས་པོ་ཞིག་ཡིན། ང་ཚོས་ཨ་ཧྥེ་རི་ཁའི་ས་ཆ་ལ་ལར་བཀྲེས་སྐོམ་གྱི་སྡུག་བསྔལ་མྱངས་ཏེ་ཚེ་ལས་འདས་པའི་ཡིད་སྐྱོ་ཞེ་མུག་གི་བརྙན་ཐུང་གང་མང་མཐོང་ཐེངས་རེར་ང་ཚོའི་འཚོ་བ་ཇི་འདྲའི་བཟང་ཡང་བཟའ་བཏུང་འཕྲོ་བརླག་ཏུ་གཏོང་མི་ཉན་པའི་ངེས་ཤེས་སྐྱེས་པ་དང་། བཟའ་བཏུང་འཕྲོ་བརླག་ཏུ་གཏོང་བ་ནི་གྱོང་གུད་དང་ངོ་ཚ་ཞིག་ཏུ་བསམ་བཞིན་རང་ཉིད་ནས་མགོ་བརྩམས་ཏེ་གྲོན་ཆུང་གི་འདུ་ཤེས་སྐྱེད་སྲིང་བྱེད་པའི་བྱེད་སྒོ་སྤེལ་བ་དང་གྲོན་ཆུང་ཚོགས་པ་བཙུགས་ཡོད་པ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེའོ།།

     ཀུན་ཕན་སྙིང་རྗེ་ཚོགས་པ་ལྟ་བུར་མཚོན་ན་ད་ལྟའི་འཚོ་བའི་འཕེལ་རྒྱས་གློག་ལྟར་མགྱོགས་ན་ཡང་གྲོང་དང་གྲོང་ཁྱེར། ས་ཆ་སོ་སོའི་དཔལ་འབྱོར་གནས་བབ་ཀྱི་ཚད་གཞི་མི་འདྲ་བས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དོ་མི་མཉམ་པར་གྱུར་ཏེ་དབུལ་ཕྱུག་ལ་མཐོ་དམན་ཤོར་ནས་འཚོ་བ་རོལ་བར་དཀའ་ཁག་འཕྲད་པའི་སྣང་ཚུལ་ཧ་ཅང་མང་། སྤྱི་ཚོགས་འཁོར་རྒྱུག་གི་དབང་གིས་ཕྱུག་པོ་ཚོས་ཡོད་མདོག་ཁ་བོས་རྒྱུ་སྣང་རླུང་ལ་བསྐུར་བ་དང་། དབུལ་བོ་ཚོས་ནམ་ཡང་རང་ལྟོ་བགྱི་བའི་ལས་ཀའི་ཐད་དཀའ་ཚེགས་ཇི་སྙེད་ཅིག་མྱངས་ཏེ་འཚོ་ཚིས་ཀྱི་བྱ་བ་ལེགས་པོ་འཁྱོངས་གིན་མེད་པ་རེད། དབུལ་ཐར་ཕྱུག་བསྒྱུར་གྱི་སྲིད་ཇུས་སླེབས་ན་ཡང་ཕྱུག་འགྱུར་གྱི་ལམ་ཆེན་ལ་སྤོ་དཀའ་བའི་ཡུལ་ལུང་ལ་ཤས་སུ་དབུལ་བོའི་རྣམ་ཐར་བསྐྱངས་ཏེ་ཅང་མེད་སྣོད་སྟོང་གཟེད་དེ་ལེ་ལོ་སྒྱིད་ལུག་གི་ཀློང་དུ་ཡར་གོང་རིམ་ཞིག་གི་རེ་ཐོབ་དང་གནང་སྦྱིན་ཁོ་ནར་སྒུག་ཡོད་པའང་ཧ་ཅང་མོད་པོ་གདའ། མ་ཟད་དེ་གའི་ཁྱིམ་ཚང་གི་བུ་ཕྲུག་དག་སློབ་གྲྭར་སྐྱེལ་བ་དང་ལག་རྩལ་ཁྲིད་པ། སྒྱུ་རྩལ་སྦྱོང་བའི་ཆ་རྐྱེན་ལྟ་ཅི། ཐ་ན་རང་ལྟོ་ཐག་གཅོད་ཐད་དུའང་དཀའ་ཁག་ལ་འཕྲད་ཡོད་པས་ང་ཚོས་བྱམས་དང་སྙིང་རྗེའི་འོད་སྣང་བསྩལ་ཏེ་མི་འགྱངས་པར་དབུལ་བོའི་འཆིང་ཐག་ལས་གྲོལ་བར་འབད་བརྩོན་བྱེད་དགོས་རྐྱེན། ཀུན་ཕན་སྙིང་རྗེ་ཚོགས་པ་ལྟ་བུ་ཡང་ཅི་ནུས་གང་ཐུབ་སྒོས་རྒྱ་བསྐྱེད་དེ་མེད་པོར་བྱམས་བརྩེའི་ཕྱག་ཟུང་རྐྱོང་དགོས་པ་དགེ་བའི་རྒྱུ་རུ་བརྩིས་ཏེ་རོགས་རམ་གང་ལེགས་བྱེད་དགོས་པ་ཤིན་ཏུ་གཙོ་ཆེའོ།།

     དེང་རབས་ཆ་འཕྲིན་ལག་རྩལ་དར་བས་དྲྭ་ཐོག་དང་སྐད་འཕྲིན། འཕྲིན་ཕྲན་སོགས་ཀྱི་སྒང་དུ་ནད་པ་དང་དབུལ་བོ་སོགས་ལ་ཐིགས་པ་བསགས་པའི་རྒྱ་མཚོ་ལྟར་གཅིག་ནས་བཅུ། བཅུ་ནས་བརྒྱ་ལ་འུར་ཏེ་རོགས་སྐྱོར་ཚད་མེད་གནང་བཞིན་པ་ནི་དགའ་འོས་པའི་རྟགས་སུ་མངོན་ཞིང་། ཁོར་སྲུང་ཚོགས་པ་དང་ཕ་སྐད་ཚོགས་པ་སོགས་ཀྱང་དྲྭ་ལམ་ཚོགས་པ་བརྒྱུད་དེ་དམིགས་ཡུལ་དྲང་མོ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་དང་བླངས་པ་རྣམས་ཡུལ་ལུང་སོ་སོ་ནས་གཞི་གཅིག་ཏུ་འཛོམས་ཏེ་སྐྱོན་ངན་དག་ཐེར་དང་མི་འདང་བ་ཁ་གསབ། འཐུས་ཤོར་བྱུང་བ་དག་སླར་གསོ་ལ་རེམ་པའི་རྣམ་དཀར་དགེ་བའི་ལས་ལ་འདུར་བཞིན་པ་ནི་ཇི་འདྲའི་དགའ་འོས་པའི་དོན་དག་ཅིག་རེད་ཨང་།

     མདོར་བསྡུས་ན་ཀུན་སློང་རྣམ་དག་དང་དམིགས་འབེན་གཙང་མ། ཆོད་སེམས་བརྟན་པོ།རེ་བ་མཐོན་པོ། མདུན་ལམ་རྒྱང་རིང་ལ་ཕྱོགས་ཏེ་ཚོགས་པ་ཞིག་བཙུགས་ཚུན་ནས་ཡུན་རིང་ལ་བརྟན་པའི་འཆར་གཞི་རྨ་མེད་པ་བཟོས་ཏེ་ཆེ་ཕྱོགས་འཛམ་གླིང་སྤྱི་ལ་ཕན་ནུས་མི་ཐོན་ཡང་། རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་ཆུང་ངུ་ལས་བརྩེ་བའི་རོགས་དན་དང་རྒྱབ་སྐྱོར་གནང་སྟེ་ཡར་ཐོན་གྱི་ནུས་པ་ཕྲན་ཙམ་དང་དགེ་བའི་ལས་སུ་ཅུང་ཙམ་འགྲོ་ཐུབ་ཚེ་ཚོགས་པ་ཞིག་བཙུགས་པའི་དམིགས་ཡུལ་ལག་ལེན་དུ་བསྟར་བ་ཡིན་ལ། ཚོགས་པ་ཞེས་པའི་ཐུན་མོང་གི་སྡེ་ཡིས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ལེགས་ལམ་དུ་སྐུལ་བའི་རྒྱུ་རུ་བསྔོ་བའང་ཡིན་ལས་ཆེ།


  • ལེ་ཚན་སྔོན་མ།:སང་ཉིན་ལ་ཕྱོགས་པ།
  • ལེ་ཚན་རྗེས་མ།:དགུན་གྱི་ནམ་དུས།