སང་ཉིན་ལ་ཕྱོགས་པ།

ཁུ་བྱུག་སྔོན་མོ།        2017-12-08

    སང་ཉིན་ནི་ང་ཚོས་མི་འགྱང་བར་རྨི་དགོས་པའི་རྨི་ལམ་ཞིག་སྟེ།  རྨི་ལམ་དེ་ཡུལ་ལྗོངས་ཤིག་དང་འདྲ་ལ།  ཡུལ་ལྗོངས་དེའི་ཁ་དོག་ནི་སྐྱ་བོ་ཞིག་དང་ནག་པོ་ཞིག་ཡིན་མི་འོས་ཤིང་།  དམར་པོ་ཞིག་དེ་བས་ཀྱང་ཡིན་མི་འོས།

     སང་ཉིན་ནི་ངེས་པར་ལྗང་མདོག་གིས་རྨི་དགོས་ཤིང་། ལྗང་མདོག་གིས་རྨི་ཐུབ་མིན་ནི་ང་ཚོར་རག་ལས་པས།  ཁྱོད་ཀྱིས་གཡོ་སྒྱུས་བསླེས་པའི་རང་ཉིད་ཀྱི་གདོང་འབག་བཤུས་ལ་ཤོག་དང་།  ང་ལ་མཁོ་བ་ནི་ཚུལ་འཆོས་མིན་པར།  སེམས་དང་སེམས་པའི་བར་གྱི་འབྲེལ་ཐག་དེ་ཡིན།

    མདོར་དྲིལ་ནས་བཤད་ན། སང་ཉིན་ནི་ང་ཚོའི་ལག་མཐིལ་ན་ཡོད།  ཁ་སང་གི་བསླབ་བྱ་དང་དེ་རིང་གི་བརྩོན་པ།  ད་དུང་སང་ཉིན་ལ་ཕྱོགས་པའི་ཡིད་ཆེས་དང་སྙིང་སྟོབས་ཡོད་ཚད་སེམས་དང་སེམས་པའི་བར་གྱི་འབྲེལ་ཐག་གིས་བསྲིངས་ན།  སང་ཉིན་གྱི་འཐོབ་བྱ་ཀླད་གོར་ཡིན་མི་སྲིད།

     དངུལ་ལོ་ཡི་འཛུམ་མདངས་དང་། དབང་ཐང་གི་སྨིག་རྒྱུ། འདི་སྣང་གི་ཁྲ་ཁྲ་རིག་རིག་ལ་སོགས་འདམ་བག་བཞིན་འཁྱིལ་བའི་མིག་མདུན་གྱི་འཚོ་བ་འདིས།  ང་ཚོར་བསླུ་བྲིད་ཡང་ཡང་གཏོང་ནའང།  རང་གིས་རང་ཉིད་ལ་བསླུ་བྲིད་མི་གཏོང་བ་གལ་ཆེ།

     སང་ཉིན་མ་བསླེབས་པའི་སྔ་རོལ་ཏུ་མུན་པ་དང་འགྲོགས་ནས།  ང་ཚོའི་ཁོར་ཡུག་ཏུ་རླུང་ཚུབ་ཅིག་ལྡང་སྲིད་ལ།  ང་ཚོའི་སེམས་སུའང་ཁ་བ་ཞིག་འབབ་སྲིད་མོད།  དེ་ནི་ཆོས་ཉིད་ཅིག་སྟེ་སང་ཉིན་གྱི་སྔོན་འགྲོ་དེ་འདྲ་ཞིག་ཡིན་དགོས།

     སང་ཉིན་གྱི་མཁའ་དབྱིངས་སུ་འཕྲོ་ངེས་པའང་ཉི་འོད་རྐྱང་རྐྱང་མིན་ཏེ།  ཉི་འོད་དེའི་ནང་དུ་ས་སྨུག་ཅིག་ཀྱང་འཐིབས་ནས་འཕྲོ་ངེས།  ས་སྨུག་དེ་དྭངས་དགོས་ན་ང་ཚོས་ད་ནས་བཟུང་རང་ཉིད་ལ་བྱི་དོར་བྱ་དགོས།  དོན་དངོས་སུ་ས་སྨུག་དེ་ང་ཚོའི་གཤིས་ལ་འཐིབས་ཡོད།

     དུས་རབས་ཀྱི་མདུན་ནས་སང་ཉིན་ལྗང་མདོག་གིས་འཚེར་འོང་ནའང་།  ང་ཚོ་སང་ཉིན་གྱི་ཁ་ལོ་པ་བྱེད་དགོས་པ་ལས།  ང་ཚོ་སང་ཉིན་གྱི་དབང་དུ་འགྲོ་མི་རུང་།  ནམ་རྒྱུན་ལོ་རྒྱུས་ནི་གྲིབ་མ་ཞིག་དང་འདྲ་བར་ང་ཚོའི་རྗེས་སུ་དེད་ཡོད།

དུས་འདི་ལ་ང་ཚོ་ནི་ཁྲོན་པའི་སྦལ་བ་དེ་བྱེད་མི་འོས། གཡག་ཞར་རྩྭ་ཟན་དེའང་བྱེད་མི་འོས།  ཉི་མ་ནུབ་ཟིན་ནའང་མུན་པའི་ཁྲོད་ནས་དུས་ཚོད་ལ་འགྲན་སློངས་དང་།  སང་ཉིན་གྱིས་ང་ཚོར་འབོད་པ་གཏོང་པ་གཏོང་བཞིན་འདུག


  • ལེ་ཚན་སྔོན་མ།:དཔྱིད་ཉི་ཞིག་གི་དྲོ་འཁྱག
  • ལེ་ཚན་རྗེས་མ།:ཚོགས་པ་དང“ཚོགས་པ”