དགུན་གྱི་ནམ་དུས།

སྤེན་པ་ཡོན་ཏན།        2017-12-18

འགྱུར་ལྡོག་མང་བའི་ཁྱེད་ཀྱི་འཛུམ་ཞལ་དེ་མཐོང་དུས་ག་དུས་ཡིན་ཡང་གྲང་ཅང་ཅང་གི་སེམས་ཁམས་ཞིག་དང་སྟོང་ལྷང་ལྷང་གི་བར་འཁྱམས་ཞིག་བདག་གི་མིག་ལམ་དུ་ཡང་ཡང་འཆར།

     ཁྱེད་ནི་ངོ་མ་བརྗོད་མ་ཤེས་པའི་དུས་ཞིག་དངགླེང་དཀའ་བའི་ནམ་ཟླ་དེ་བས་རྒྱུས་ལོན་དཀའ་བའི་ནམ་དུས་ཞིག་ཡིན་པས་ལོ་ཡི་བགྲང་བྱ་དུ་མའི་ནང་ཁྱེད་ཀྱི་རིགས་དྲུག་གི་སེམས་ཅན་རྣམས་ལ་སྤྲོ་བ་འཕེལ་བའི་འོད་སྣང་སྟེར་མ་མྱོང་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་ཁོམ་པ་དེ་བས་སྤྲད་མ་མྱོང་།

     ཁྱེད་ཀྱི་ཁ་སང་གི་ཁ་ཆད་དང་དེ་རིང་གི་ལག་ལེན་དག་རྩ་བ་ནས་མི་མཐུན་པར་སོ་སོའི་རང་དབང་གང་ཤར་ངང་སྐྱ་ཟད་སྔོ་རྡུགས་གི་དུས་དེར་འཐོར་རླུང་དང་ཁ་བ་བུ་ཡུག་ཏུ་ཚུགས་ནས་འབྲོག་ཐང་སྐྱ་མོའི་ཐོག་གི་་གཡང་དཀར་ལུ་གུ་དང་ཡ་ཀོག་དེ་བཞིན་ལུས་ཤ་རིད་པའི་དུད་འགྲོ་གཞན་ལ་འཚེ་བ་ཚད་མེད་བཏང་ནས་གཞན་སུ་གང་ཞིག་གི་ཡང་ཁྱེད་ལ་རྒོལ་མི་ནུས་པར་དུད་འགྲོ་ཐམས་ཅད་ཀྱང་ནག་ཆུང་མིག་རིལ་ནས་གྲང་ཅང་ཅང་གི་སྨྲེ་ངག་འདོན་བཞིན་བགྲོད་དལ་བའི་གོམ་ཆུང་སྤོས་ནས་ཉི་འོད་ཅུང་ཟད་དྲོ་བའི་ཁུག་ཁུག་ཞིག་བརྩལ་བཞིན་འདའ།

     དུས་ཡུན་ཅུང་མ་འགོར་བར་ཁྱེད་ཀྱི་ནམ་ཟླ་ཡལ་གྲབས་ཡོད་པའི་སྐབས་སུ་ཁྱེད་ཀྱི་འཛུམ་མདངས་དང་གཏན་ནས་མི་འདྲ་བའི་དཔྱིད་རླུང་དྲོ་མོའི་་ནམ་དུས་དེ་སླེབས་དུས་དྲོ་འཇམ་ཉི་འོད་ རིམ་བཞིན་བཞའ་ཚན་ལྡན་པའི་མཁའ་རླུང་གསོས་པ་སྦྱིན་ནས་རིགས་དྲུག་གི་སེམས་ཅན་རྣམས་བགྲོད་འགོར་བའི་ངང་ཚུལ་དང་སྨྲེ་ངག་འདོན་འཚམ་བཞག དེ་ནས་དབྱར་ཁས་སོས་དལ་དང་བག་ཕེབས་ཀྱི་འཚོ་བ་རོལ་བའི་དབྱར་གཞུང་གི་ཐང་ཆེན་ཞིག་དང་བཟའ་བཅུད་གཉིས་འཛོམས་ཀྱི་སྨན་རྩྭ་དེ་བཞིན་དྭངས་གཙང་གི་ཆུ་བོ་རྩྭ་སྣ་ཚོགས་མཁོ་འདོན་བྱས་ནས་ཁོང་ཚོས་ལབ་གླེང་དང་འཚོ་བར་ཞེན་ལོག་གི་བསམ་པའི་དྲི་མ་འགོས་པར་དབྱར་ཁར་དེ་བས་བརྩེ་བ་ཟབ་མོ་བཅངས་ནས་བྲལ་མི་ཕོད་པ། ཞེན་ཆགས་ཆེ་བ། གཅེས་ཤིང་དུང་བ་སོགས་ཀྱི་རྣམ་འགྱུར་ནས་ཁྱེད་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པས་རིགས་དྲུག་གི་བསམ་པར་ཡང་ཁྱེད་ལ་དབྱར་ཁ་ལྟར་ཞེན་ཆགས་དང་བརྩེ་བ་ཟབ་མོ་བཅངས་འདོད་ཡོད་ འོན་ཀྱང་ཁྱེད་ཀྱི་གྲོད་པ་རྒྱགས་པའི་ཟས་སྣ་ཐུན་གཅིག་ཀྱང་སྟེར་མ་མྱོང་ལ་ལུས་སེམས་སྐྱིད་པའི་གླུ་ཆུང་ཞིག་ཀྱང་དེ་བས་ལེན་མ་མྱོང་།

     ཁྱེད་ཀྱིས་འཆམ་མཐུན་དང་ཞི་བདེ་ཡི་འཇིག་རྟེན་འདིར་གཞན་ལ་ཟས་བཅུད་མཁོ་འདོན་མ་བྱས་པར་སེམས་ཅན་མང་པོ་ཞིག་སྲོག་གཅོད་དོན་ཅི།

     ཁྱེད་ཀྱིས་ལྷ་ཡི་དབང་པོ་བརྒྱ་བྱིན་དང་ཀླུ་དབང་རྒྱལ་པོ་སུ་ཞིག་ཀྱང་མ་སྦྱིན་པར་རང་དབང་ངང་དང་དུ་བླངས་ནས་འཐོར་རླུང་དང་བུ་ཡུག་དུ་ཚུགས་དོན་ཅི།

     ཁྱེད་ཀྱིས་འདོད་པའི་ངང་ལ་ཆགས་པའི་བྱ་རིགས་ལ་ལད་མོ་བྱས་ཏེ་སེམས་ཅན་འདི་དག་རྣ་བ་སྤུ་ཙམ་མི་གཏོང་བར་ལོག་གཡེམ་ངང་བཞུགས་དོན་ཅི།

     ད་དུང་ཁྱེད་ཀྱིས་ཁ་ཆད་དང་ལག་ལེན་རྩ་བ་ནས་མི་མཐུན་པར་ཞལ་ནས་གཏམ་གང་དྲན་གསུངས་ནས་རིགས་དྲུག་གི་སེམས་ཅན་དེ་དག་ལ་རྫུན་དང་ཕྲ་མ། ཚིག་རྩུབ།ངག་འཁྱལ་སོགས་བཤད་བཤད་ངང་ནས་དུས་འདའ་བས་ཁྱེད་ལ་ག་དུས་ཡིན་ཡང་དྲང་བདེན་དང་ངོ་མ་མེད་ལ། ཁ་ཆད་དང་ལག་ལེན་དེ་བས་མཐུན་ཐབས་མེད་པའི་གཏམ་ངན་དེ་དག་སྙིང་རྩ་འཕར་འཚམས་མ་བཞག་བར་དུ་འཆད་དོན་ཅི།

     དེ་ཡི་མ་ཚད་ཁྱེད་ཀྱིས་ལུས་ཤ་ཧ་ཅང་རིད་པའི་འགྲོ་དྲུག་གི་སེམས་ཅན་དེ་དག་ལ་རྒྱགས་པའི་ཟས་དང་དྲོ་བའི་ཉི་འོད་མཁོ་སྤྲོད་བྱེད་རྒྱུ་མ་བྱུང་ཡང་ཁྱེད་ཀྱི་རྒྱུ་འབྲས་དང་སྐྱིད་སྡུག་ཡག་ཉེས་དགའ་ཉེ་བློ་དཀར་སོགས་ཅི་ཡང་མེད་པའི་ལོག་ལྟའི་འཁོན་འཛིན་བཅངས་ནས་ཉིན་ལྟར་ གནག་སེམས་དང་གནོད་སེམས་ངང་སེམས་ཅན་དེ་དག་ལ་ཁ་བ་བུ་ཡུག་འཚུབ་པ་དང་འཐོར་རླུང་དྲག་པོས་སྔ་དགོང་གཉིས་ལ་གྲང་ངར་དེ་བས་ཆེ་བའི་གནམ་གཤིས་བཏོན་ནས་སེམས་ཅན་་རྣམས་ལ་མནར་གཅོད་དེ་འདྲ་གཏོང་དོན་ཅི། དེ་དག་ཡོངས་རྫོགས་ནི་སེམས་ཅན་དུད་འགྲོ་རྣམས་ཀྱི་ལན་པ་ཡིན་མི་སྲིད་ལ་ནོར་འཁྲུལ་ནི་དེ་བས་ཡིན་ག་ལ་སྲིད།

     ངོ་མ་ཁྱེད་ཀྱི་གཤིས་ཀ་ནི་གླེང་དཀའ་ལ། དེ་བས་རྒྱུས་ལོན་དཀའ་བས། ཁྱེད་རང་ག་དུས་དྲང་གཞག་དང་། བདེན་དཔང་། བདེ་སྐྱིད་སྦྱིན་མཁན་གྱི་ནམ་ཟླ་ཞིག་ཆགས་སྲིད།། 


  • ལེ་ཚན་སྔོན་མ།:ཚོགས་པ་དང“ཚོགས་པ”
  • ལེ་ཚན་རྗེས་མ།:མ་བུའི་བར་ཐག