ནམ་ལངས་མ་ཐག སྲང་ལ་བུད་དེ་གླ་གཏོང་རླངས་འཁོར་བཀག ཡིན་ཡང་གླ་གཏོང་རླངས་འཁོར་གཅིག་ཀྱང་ལག་ཏུ་སོན་མ་བྱུང་། དུས་ཚོད་འགོར་འགྱངས་བྱུང་བར་འདོད་དེ་རྔམ་བྲེལ་གྱིས་མདུན་དུ་སྐྱོད་ཞོར་གླ་གཏོང་རླངས་འཁོར་བཀག བལྟ་ཕྱོགས་ཤིག་གིས་གཡུ་འབྲུག་མགྲོན་ཁང་གི་སྒོ་མདུན་ནའང་བུད་མེད་ཅིག་གིས་གླ་གཏོང་རླངས་འཁོར་འགོག་གིན་འདུག ཁོ་མོས་ཀྱང་གླ་གཏོང་རླངས་འཁོར་གཅིག་ཀྱང་ལག་ཏུ་སོན་མ་བྱུང་། མ་གཞི་བུད་མེད་དེ་ནི། ལོ་རིམ་གཅིག་ཀྱང་འཛིན་གྲྭ་མི་གཅིག་པའི་སློབ་གྲོགས་གསེར་ཆེན་སྐྱིད་རེད། ངེད་གཉིས་ཀྱིས་མཉམ་དུ་གཡུ་འབྲུག་མགྲོན་ཁང་གི་སྒོ་ཁ་ནས་གླ་གཏོང་རླངས་འཁོར་བཀག་ཅིང་། མཚམས་ཤིག་ལ་ལམ་གྱི་ཁ་གཏད་དུ་དགེ་རྒན་རིན་ཆེན་སྐྱིད་ཀྱིས་ཀྱང་གླ་གཏོང་རླངས་འཁོར་འགོག་གི་ཡོད་པ་མཐོང་བྱུང་།
ལམ་གྱི་ཁ་ཞེང་ཆེ་བས། དགེ་རྒན་ལ་ཁ་གྲག་མི་ཐུབ་ལ། གྲག་དགོས་དོན་ཡང་མེད་པས། རང་རང་ས་ནས་གླ་གཏོང་རླངས་འཁོར་འགོག་རེས་བྱས། ཅང་མ་འགོར་བར་དགེ་རྒན་རིན་ཆེན་སྐྱིད་གླ་གཏོང་རླངས་འཁོར་ཞིག་ཏུ་བུད་དེ་ཤར་མར་བུད་སོང་། དེའི་རྗེས་ངེད་གཉིས་ཀྱིས་ཀྱང་གླ་གཏོང་རླངས་འཁོར་ཞིག་ལག་སོན་བྱུང་སྟེ་ཤར་མར་སློབ་གྲྭར་སོང་།
ཕྱི་དྲོའི་དུས་ནི་ཡོལ་ཏེ་དགོང་ཚོགས་ཀྱི་ཅོང་བརྡ་བརྒྱབས།
དེ་རིང་ནི་གཟའ་ཉི་མ་ཡིན་པས། གཟའ་འཁོར་གཅིག་གི་བྱ་བའི་སྤྱི་བསྡོམས་བྱ་དགོས་པ་རེད། དེ་བས་འཛིན་གྲྭའི་སྐྱོར་དཔོན་དག་གིས་རིམ་པ་ལྟར་གཟའ་འཁོར་གཅིག་གི་བྱ་བར་སྤྱི་བསྡོམས་བྱས་པར་མ་ཟད། མ་འོངས་པའི་གཟའ་འཁོར་གྱི་འཆར་གཞི་ཡང་ལེགས་པར་བཤད། མཐའ་མར་འཛིན་གཙོ་ཡིས་དེར་སྤྱི་བསྡོམས་ཀྱི་ཚུལ་དུ་ཁ་གསབ་དང་རེ་བ་བཏོན་པ་དང་མཉམ་དུ་ལ་ལ་ཞིག་གཡུ་འབྲུག་མགྲོན་ཁང་གི་དེ་རུ་དེ་ན་འགྲོ་ཀི་འདུག་ཅེས་ཐེངས་གཉིས་ལ་བཤད། ངས་སྐད་ཆ་ག་འདྲ་བཤད་དེ་སུ་ལ་གསང་བརྡ་སྤྲོད་ཀྱིན་ཡོད་དམ། ཡང་གཅིག་བཤད་ན། གཡུ་འབྲུག་མགྲོན་ཁང་གི་དེ་རུ་དེ་ན་སུ་ཞིག་འགྲོ་གི་ཡོད་དམ། བུད་སོང་ན་ཅི་ཞིག་བྱས་སོང་ཞེས་སྣང་མེད་ཀྱིས་སེམས་ནས་ཁེར་ལབ་ཅིག་བྱས་པའི་མོད་ལ། རང་ཉིད་ལ་གཟས་ཏེ་གསང་བརྡ་རྒྱག་གི་ཡོད་པ་གཞི་ནས་ཚོར་བས། དགེ་རྒན་རིན་ཆེན་སྐྱིད་དྲན་བྱུང་།
དགེ་རྒན་རིན་ཆེན་སྐྱིད་ནི་ཁ་རྒྱག་ནེ་ཙོ་ལྟ་བུ་ཞིག་ཡིན་པ་སྔ་མོ་ནས་གོ་ཡོད་པས། ད་ནངས་ཀྱི་གསེར་ཆེན་སྐྱིད་དང་ངེད་གཉིས་རང་རང་ས་ནས་གཡུ་འབྲུག་མགྲོན་ཁང་གི་སྒོ་ཁར་སྟེས་དབང་གིས་འཛོམས་ཏེ་གླ་གཏོང་རླངས་འཁོར་བཀག་པ་མ་རྟོགས་པར། ངེད་གཉིས་མདང་ནུབ་གཡུ་འབྲུག་མགྲོན་ཁང་དུ་འཁྲིག་སྤྱོད་བྱེད་དུ་སོང་བར་བློ་ཡིས་ཐག་གིས་བཅད་དེ། འཛིན་གཙོ་ལ་དེ་ལྟར་བཤད་པ་མིན་ནམ། དྲང་མོར་བཤད་ན་དགེ་རྒན་རིན་ཆེན་སྐྱིད་ཀྱང་ཁག་མི་འདུག་སྟེ། དང་པོ་ཡིན་ན་ངེད་གཉིས་གཡུ་འབྲུག་མགྲོན་ཁང་གི་སྒོ་མདུན་དུ་མཉམ་དུ་གླ་གཏོང་རླངས་འཁོར་འགོག་གི་ཡོད་པ་དང་། གཉིས་པ་ཡིན་ན་གསེར་ཆེན་སྐྱིད་ནི་སློབ་འབྲིང་འདིའི་སློབ་མ་ཉིས་སྟོང་བཞི་བརྒྱ་ལས་ཆེས་འཆལ་སྤྱོད་ཀྱི་ཡག་མ་ཞིག་ཡིན་པས་རེད།
མི་དེ་དག་གིས་མཉམ་པར་ཞོགས། ངལ་གསོའི་ཉི་མ་ཡང་གནང་བ་མ་བྱིན་པར་སློབ་ཁྲིད་བྱེད་དོན། མཐོ་རྒྱུགས་ཀྱི་ཆེད་རེད། འཛིན་གཙོ་ཡི་ཕྲ་ཞིང་བཙུམ་ལ་ཉེ་བའི་མིག་ཟུང་ལ་འོད་སྣང་མེད་པར་ཏན་ཏན་གྱིས་བཤད་པའི་མུར་དེ་རིང་གི་ལས་རེས་པ་སུ་རེད། ཐང་གི་གད་སྙིགས་འདི་ཅི་རེད་ཅེས་ཕྲ་ཞིང་བཙུམ་ལ་ཉེ་བའི་མིག་ཟུང་གིས་ཐང་གི་གད་སྙིགས་བསྟན་ཙམ་བྱས་རྗེས་ཁྲིད་སྟེགས་ལས་དལ་བུར་གྲལ་ཤུར་དུ་འཁོར་ཞོར་དྲིས་བྱུང་བས་ན། སྐྱོར་དཔོན་ཞིག་གིས་གནམ་ལྷ་འབུམ་རེད་ཅེས་ལན་བཏབ།
འཛིན་གཙོ་ཡིས་ནང་ཡང་མི་ཕྱག་པར་ཅི་བྱེད། གཡུ་འབྲུག་མགྲོན་ཁང་དུ་ཅིའི་ཕྱིར་སོང་བ་རེད་ཅེས་བཤད་ཞོར་ང་རང་གཉའ་ནས་བཟུང་སྟེ་གྲལ་བར་དུ་དྲུད་བྱུང་ལ། དྲུད་ནས་ཀྱང་ཨོང་མགོར་རྡོག་ཐོ་ཞིག་གཞུས་ཏེ་ཐང་ལ་རྫོགས་བྱུང་། ངའི་སེམས་ནས་དགེ་རྒན་རིན་ཆེན་སྐྱིད། ཁྱོའི་ཨ་བ་ཨ་མ་ཤི་ཞེས་སྡུག་དམོད་ཅིག་བཏང་སྟེ་དལ་བུར་ཡར་ལ་ལངས། དེ་ནས་ངའི་མགོ་བོ་གཡོན་ལག་གིས་མནན་དེ་གཉའ་ལྟག་ལ་ཁྲབ་མ་བཞིན་ཐར་ཆེ་བའི་ཐལ་ལྕག་གིས་གཅིག་གཞུས། ངའི་སེམས་ནས་དགེ་རྒན་རིན་ཆེན་སྐྱིད། ཁྱོའི་ཨ་བ་ཨ་མ་ཤི་ཞེས་ཡང་བསྐྱར་སྡུག་དམོད་ཐེངས་གཅིག་བཏང་། དེ་ནས་ཐལ་ལྕག་གིས་གཉིས་བརྒྱབས། ངའི་སེམས་ནས་དགེ་རྒན་རིན་ཆེན་སྐྱིད། ཁྱོའི་ཨ་བ་ཨ་མ་ཤི་ཞེས་སྡུག་དམོད་ཐེངས་གཉིས་བཏང་། ཐལ་ལྕག་གིས་བཞི་བརྒྱབས། ངའི་སེམས་ནས་དགེ་རྒན་རིན་ཆེན་སྐྱིད། ཁྱོའི་ཨ་བ་ཨ་མ་ཤི་ཞེས་སྡུག་དམོད་ཐེངས་བཞི་བཏང་།