ཟླ་འོད་མེད་པའི་མཚན་མོ།
སི་ཁྲོན་མི་རིགས་སློབ་གླིང་།(རི་མོ་བྱམས།) 2014-06-24
དོ་ནུབ། སྐར་མ་དང་ཟླ་འོད་མེད་པའི་མཚན་མོ་འདིར།
ངས་ལྗིད་ཏིག་ཏིག་གི་གོམས་པའི་འདེགས་འཇོག་དེ།
ཡང་བསྐྱར་སློབ་གླིང་གི་གྲུ་ཟུར་བརྒྱུད་ནས་འགྲོ་དུས།
སྟོན་མཇུག་གི་ལྷགས་རླུང་ངར་མོ་དེ་ངའི་རྣ་བའི་བུ་ག་བརྒྱུད་ནས་
སེམས་པའི་སྟེང་རིམ་དུ་བཞུད།
དོ་ནུབ་ཡང་ཁྱོད་ཀྱིས་ང་དང་ང་ལྟ་བུའི་
ཉམ་ཆུང་གི་མི་བུ་ཅི་འདྲ་མང་པོ་ཞིག་ལ་གཙེས་བཞིན་ཡོད་དམ།
ཁྱོད་ཀྱིས་ཅིའི་ཕྱིར་ང་དང་ང་ལྟ་བུའི་ཉམ་ཆུང་དག་ལ་
འདི་ལྟར་སྡང་མིག་གིས་བགྲད་དོན་ཅི།
ང་ལ་ཐོབ་དང་དབང་ཆ་ཅི་ཡང་མེད་ལ།
རྒྱུ་དང་འབྱོར་བ་ནི་དེ་བས་ཀྱང་མེད།
འོན་ཀྱང་། མི་ལོ་གསུམ་གྱི་ཡར་སྔོན་དུ་
ཁྱོད་ནི་གདོན་འདྲེ་ཞིག་དང་འདྲ་བར་
ངའི་དུས་རྒྱུན་གྱི་འཚོ་བའི་ཆོས་ཉིད་ལས་བརྒལ་ཏེ་
བསམ་ཁོམ་ཡང་མ་བྱིན།
དུས་དེ་ནས་བཟུང་།
ཉམ་ཆུང་གི་ཚེ་སྲོག་འདི་
ང་དང་ཁོ་བོ་ཚོ་སུ་ལ་ཡང་མི་དབང་བ་རྟོགས་སོང་ལ།
ཁྱོད་ནི་གདོན་འདྲེ་ངོ་མ་ཞིག་ཡིན་པའང་རྟོགས་སོང་།
ཁྱེད་ཀྱི་གམ་དུ་རྒྱུ་འབྲས་ཟེར་བ་ཞིག་མེད་ལ།
སྙིང་རྗེ་ཟེར་བ་ཞིག་ནི་དེ་བས་ཀྱང་མེད་པ་གཞི་ནས་ཚོར།
གལ་ཏེ། ཁྱོད་རང་མེད་ཚེ་ང་ལ་ཡང་བསྐྱར་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་། མི་ཚེ་ལ་ཡང་སྔོན་ན་མེད་པའི་དོན་སྙིང་ཞིག་ལྡན་ངེས།
འོན་ཏེ་འདི་དག་ཡོད་ཚད་ནི་ཉིན་དཀར་གྱི་རྨི་ལམ་ཙམ་དུ་ངེས།