ཨ་མའི་བཀའ་དྲིན།
མི་ཉག་རྫོགས་ཆེན་སློབ་གྲྭ།(གཡུ་མཚོ་ལྷ་མོ།) 2014-07-03
ཨ་མ་ནི་ཉི་མ་ཡིན་ལ། ཉི་མར་འོད་ཟེར་ཡོད་པས་འཇིག་རྟེན་འདིར་དྲོད་ཁོལ་འཛོམས། ཨ་མ་ནི་སྦྲང་ཆར་ཡིན་ལ། སྦྲང་ཆར་ཡོད་པས་འཇིག་རྟེན་སྟེང་གི་སྐྱེ་དངོས་ཡོད་ཚད་ཀྱི་ཚེ་སྲོག་ལ་སྟོབས་ཤུགས་རྒྱས། ཨ་མ་ནི་ཟླ་བ་ཡིན་ལ། ཟླ་འོད་ཡོད་པས་མུན་ནག་གི་ཁྲོད་ཀྱི་སྐྱེ་འགྲོ་ཡོད་ཚད་ལ་སྐྲག་སྣང་ངམ་འཇིགས་སྣང་མེད། རྒྱུ་ནོར་ནི་རང་གིས་གསོག་རྒྱུ་ཡོད་ལ་འཚོལ་རྒྱུའང་ཡོད། ཡིན་ནའང་ཨ་མ་ནི་གསེར་དངུལ་གྱིས་ཉོ་མི་ཐུབ་ལ། གང་ཞིག་ཏུ་འཚོལ་རྒྱུ་དེ་བས་ཀྱང་ཡོད་མི་སྲིད། ཨ་མ་ནི་ནམ་ཡང་བུ་ཕྲུག་གི་རྒྱབ་རྟེན་དང་བདེ་སྐྱིད་ཀྱི་གཞི་མ་རེད།
ཨ་མས་བུ་ཕྲུག་གི་ཆེད་དུ་དགུན་གསུམ་གྱི་ལྷགས་པ་གདོང་གིས་བསུས་ཤིང་དབྱར་གསུམ་གྱི་ཆར་པ་ལུས་ཀྱིས་བཀག སྟོན་གསུམ་གྱི་ཚ་བ་གོམ་པས་འཇལ་བཞིན་འཁང་ར་སྤུ་ཙམ་མེད་པར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ནོར་ནག་གི་རྨིག་རྗེས་སུ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་ཁྱིམ་ཚང་འདིའི་ཆེད་དུ་སྲོག་བསྡོས་ཀྱིས་འབད་པ་བྱེད་བཞིན་མཆིས།
ཨ་མ་ལགས། ད་ལྟ་ཁྱེད་ཀྱི་གདོང་ལ་མི་འདོད་པའི་རྒས་གཉེར་གྱིས་ཁེངས་ལ། ནག་ཅིང་རིང་བའི་རྒྱ་ལྕང་གི་སྐྲ་ལོ་ལ་དངུལ་མདོག་གིས་ཁ་བས་གཡོགས། ཚིགས་དྲུག་སྨྱུག་མའི་སྐུ་གཟུགས་ལ་སེམས་ཁུར་གྱི་མནར་ནས་ཇེ་ཐུང་དང་ཇེ་སྒུར་ལ་སོང་། འདི་ཚང་མ་སེམས་མེད་ཀྱི་བུ་མོས་ཁྱོད་ལ་བྱིན་པའི་སྡུག་བསྔལ་དང་དཀའ་སྡུག་ཡིན།
ཨ་མ་ལགས། ང་རང་ནམ་ཡང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས། བུ་མོ་ངས་ངུ་ངག་གི་དབྱངས་རྟ་ཐོག་མ་གྱེར་བའི་ཉིན་མོ་དེ་ནས་བཟུང་། ཁྱེད་ཀྱིས་ང་ལ་གནང་བ་ནི་ཧ་ཅང་མང་དྲགས་སོང་། ང་ཡིས་ཁྱེད་ལ་བྱིན་པ་ཉུང་དྲགས་སོང་བས། ཨ་མ་ལགས། བཀའ་དྲིན་ཆེ།