《ཤམ་བྷ་ལ་འཚོལ་བ》བཀླགས་པའི་མྱོང་ཚོར། ཡར་འཕེལ།༼རྔ་བ།༽

        2026-05-18

《ཤམ་བྷ་ལ་འཚོལ་བ》བཀླགས་པའི་མྱོང་ཚོར། 

ཡར་འཕེལ།༼རྔ་བ།༽



     ཟླ་འདིའི་སྟོད་དུ་མཇུག་རྒྱུགས་ལ་བྲེལ་བས་སོས་དལ་ངང་དཔེ་ཀློག་གི་གོ་སྐབས་མ་བྱུང་། སློབ་གྲྭ་ངལ་གསོས་ནས་ཡུལ་དུ་ལོག་རྗེས་དཔེ་ཆ་འདི་ཡང་ཐེངས་ཤིག་བསྐྱར་ཀློག་བྱས་པ་ཡིན། 

     དེབ་འདི་ནི་རྒན་གྲགས་པ་སྐལ་ལྡན་གྱི་མི་ཚེའི་བྱུང་བ་བྲིས་པ་ཞིག་ཡིན། ཁོའི་ཨ་ཕ་ནི་ཇ་རྟའི་ཚོང་ལམ་གྱི་ལག་དོ་ཞིག་ཡིན་ལ། རིམ་གྱིས་ཚོང་ལམ་རྒྱ་སྐྱེད་དེ་རྒྱ་གར་དང་བལ་ཡུལ་སོགས་ལའང་ཚོང་བསྐྱལ། ལོ་ཞིག་ལ་རྒྱ་གར་དུ་ཚོང་དབོར་བའི་སྒང་ལ་རྒྱ་གར་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་གྱུར་བའི་འགོ་བརྩམས་པས། མཐའ་མཚམས་ནས་ཚོང་འགྲུལ་གྱི་འགྲོ་འོང་ཆད་ལ། དེ་ལྟར་ཁོང་ཕྱིར་ཕ་ཡུལ་བདེ་ཆེན་དུ་ལོག་མ་ཐུབ་པར་ལོ་ཉེར་བརྒྱད་ལ་རྒྱ་གར་དུ་ལུས། གྲགས་པ་སྐལ་ལྡན་ནི་དེའི་རིང་རྒྱ་གར་དུ་འཚོ་གཞིས་ཀྱི་སྐབས་བྱུང་བའི་བུ་ཡིན། ཁོའི་ཨ་མའང་རྒྱ་གར་དུ་འཚོ་བའི་བོད་ལྗོངས་ལྷོ་ཁའི་བུད་མེད་ཅིག་ཡིན། ཁོ་ཚོ་རྒྱ་གར་དབུས་ཁུལ་གྱི་བོད་རིགས་འདུས་སྡོད་ཀྱི་གྲོང་ཚོ་ཞིག་ཏུ་གཞིས་ཆགས་ཡོད་ཅིང་། རྒན་གྲགས་པ་སྐལ་ལྡན་ལོ་དྲུག་ནས་ས་གནས་ཀྱི་སློབ་གྲྭར་འགྲིམ་ལ། ལོ་དགུའི་སྟེང་རྒྱ་གར་ལྷོ་རྒྱུད་ཀྱི་ནང་པའི་དགོན་པ་ཞིག་གི་ཚོགས་གྲལ་དུ་ཞུགས་ནས་ལོ་བཅུ་དྲུག་སྟེང་རྒྱ་གར་ནག་གཉིས་ཀྱི་འབྲེལ་བ་ཅུང་ཞི་འཇམ་དུ་གྱུར་ཏེ་ཕྱིར་ཕ་ཡུལ་ཡུན་ནན་བདེ་ཆེན་དུ་ལོག་རག་བར་དུ་དགོན་དུ་བསྡད། དགོན་དུ་སྡོད་སྐབས་འདོན་དབྱངས་རྟ་ལ་སྦྱངས་ཤིང་། ལག་ཤེས་ཀྱི་འཛིན་གྲྭ་ཞིག་ཡོད་པར་ཞུགས་ནས་ལག་ཤེས་ཐོན་དངོས་དག་རྒྱ་གར་ཡུལ་གང་སར་སྐོར་སྐྱོད་ཀྱིས་བཙོང་དུ་ཕྱིན་ནས་འཚོ་ཚིས་བཙལ་ལ། མི་མང་དང་འབྲེལ་འདྲིས་ཁྲོད་དབྱིན་སྐད་དང་རྒྱ་གར་སྐད་ལའང་བྱང་ཆུབ་པར་ཆགས་ཤིང་འཁོས་ཞན་པའི་ཁྱིམ་གྱི་ཆ་རྐྱེན་ལ་རང་ནུས་འདོན་ཤེས་པའི་བསམ་ཤེས་ཤིག་ཀྱང་ཡིན། ཆུང་བའི་དུས་དེར་ཨ་ཕས་ཁོང་ལ་རྟག་ཏུ་བཟློ་བ་ནི་གྱེས་བྲལ་གྱི་གདུང་བར་ཟུག་པའི་ཕ་ཡུལ་བདེ་ཆེན་གྱི་ཉམས་དགའ་བའི་ཡུལ་ལྗོངས་དང་སྙིང་ཉེ་བའི་ཡུལ་མི་དག་དང་། ཇ་རྟའི་ཚོང་ལམ་གྱི་སྐྱིད་སྡུག་རེས་མོས་ཀྱི་འཚོ་བ་དང་ཚོང་འགྲུལ་ཁྲོད་ཞག་གཡར་བའི་གནས་ཚང་དྲིན་ཆེན་དག་གི་སྦྱོར་བ་ཡིན་ལ། དེས་རྒན་གྲགས་པ་སྐལ་ལྡན་ལ་གཅེས་པའི་ཕ་ཡུལ་དུ་ལོག་པར་རེ་སྒུག་ཆེན་པོ་དང་། རྟག་ཏུ་དྲིན་གཟོ་བའི་བག་ཆགས་ཟབ་མོ་ཞིག་བཞག།

        རྒྱ་གར་དུ་ལུས་ནས་ལོ་ཉེར་བརྒྱད་འགོར་བའི་དུས་ཏེ་རྒན་ཁོང་ལོ་ན་བཅུ་དྲུག་ཡིན་དུས་གཞི་ནས་ཨ་ཕ་དང་འགྲོགས་ཏེ་ཕ་ཡུལ་རྒྱལ་ཐང་དུ་ལོག། ཕ་ཡུལ་དུ་ཐོན་རྗེས་རྒྱ་སྐད་མི་ཤེས་པས་དཀའ་ལས་ལ་ཐུག་པས། ལོ་ན་ཆེ་ཡང་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་སྦྱངས་པའི་འགོ་ཚུགས། རྒྱ་སྐད་ལ་ཅུང་བྱང་རྗེས་སྐབས་དེར་རུ་སྡེ་བའི་ནང་དུ་ཆེས“ངོ་སོ”ཡོད་པའི་གཞུང་ཞབས་པའི་ལས་ལ་ཞུགས། ལོ་ཤས་འགོར་རྗེས་ལས་བསྐྱུར་བྱས་ཏེ་ཕ་ཡུལ་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་ཀྱི་མདུན་ལྗོངས་མཐོང་སྟེ། སྐད་རིགས་མང་པོ་ཤེས་པའི་འཇོན་ཐང་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་སྣེ་ཤན་པ་བྱས། དཔེ་ཆ་འདི་ཀློག་པའི་གོ་རིམ་ཁྲོད་ང་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་ཁོའི་གཞན་ལ་ཕན་འདོགས་པའི་བསམ་པ་བསླུ་མེད་དེ་རེད། དེར་བརྟེན་ཁོས་སྣེ་ཤན་པ་བྱེད་པའི་གོ་རིམ་ཁྲོད་ངོ་ཤེས་པའི་རྒྱལ་སྤྱིའི་གྲོགས་པོ་རེའི་རོགས་རམ་འོག། སྔ་ཕྱིར་ཡོ་རོབ་དང་ཨ་རིར་ཡུལ་སྐོར་དང་མགྲོན་ཁང་དོ་དམ་ལས་རིགས་ཀྱི་ཆེད་ལས་ལ་ཟབ་སྦྱོང་བྱེད་པའི་གོ་སྐབས་རག། ཕྱིར་ཡུལ་དུ་ལོག་རྗེས་ཁམས་པའི་ཚོང་ལམ་ཞེས་པའི་ཡུལ་སྐོར་སྣེ་ཤན་པའི་རུ་ཁག་ཅིག་བཙུགས་ཏེ་ཕ་ཡུལ་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་བསྣན། ཁོ་ནི་རང་རིག་གནས་ཀྱི་རྒྱུན་འཛིན་དར་སྤེལ་ལ་དོ་སྣང་བླ་ལྷག་བྱ་མཁན་ཞིག་སྟེ། ཕ་ཡུལ་གྱི་སྲོལ་རྒྱུན་རིག་གནས་གང་མང་ཞིག་དུས་ཀྱི་འགྱུར་བག་རྒོད་པོའི་ཁྲོད་ཉམས་ཉེས་སུ་འགྲོ་བཞིན་པ་ཚོར་ནས། ཤམ་བྷ་ལའི་སྣ་མང་མི་རིགས་རིག་གནས་དར་སྤེལ་རྒྱུན་འཛིན་མཐུན་ཚོགས་བཙུགས་ཏེ། ཐང་ག་སོགས་ལག་ཤེས་ཀྱི་འཛིན་གྲྭ་མང་པོ་བསྡུས་ནས་འགྲོ་གྲོན་ཡོད་ཚད་རང་གིས་བཏང་སྟེ་ཡུན་རིང་བོར་འཁོར་སྐྱོད་བྱེད་དུ་བཅུག། ཉག་ཕྲ་བའི་སྐབས་དེར་བདེ་ཆེན་ཕྱོགས་སུ་ཁོ་ནི་ཕལ་ཆེར་མི་རིགས་རིག་གནས་རྒྱུན་འཛིན་གྱི་ལས་དོན་ཐད་ཁ་ཡོད་ལག་ཡོད་ཀྱིས་བྱ་བ་སྒྲུབ་མཁན་སྔ་ཤོས་སུ་ཆགས་ཡོད།

    ཁོའི་ཨ་ཕ་འཚོ་བཞུགས་སྐབས་ནམ་རྒྱུན་བཤད་ཅིང་ཉན་སྤྲོ་བའི་ཇ་རྟའི་ཚོང་ལམ་གྱི་གཏམ་རྒྱུད་དུ། ཨ་ཕས་ནམ་ཡང་དཀའ་ཚེགས་ཀྱི་འགྲུལ་བཞུད་ཁྲོད་ཞག་གཡར་བའི་ལུས་ཀྱི་ངལ་བ་གསོ་སའི་གནས་ཚང་དེ་དག་མ་བཟློས་ཐབས་མེད་ལ། བཤད་ཐེངས་རེར་དྲིན་གཟོ་ཐེངས་རེ་བྱེད་པས་ཁོང་གི་བག་ཆགས་ཁྲོད་དུ་གནས་ཚང་ནི་དྲིན་གཟོའི་མཚོན་བྱེད་ཅིག་ཏུ་ཆགས་ཡོད་པས། ཁོ་ལ་གནས་ཚང་ཞིག་ཕྱེ་བའི་ས་བོན་བྱུང་ནས་ལོ་མང་འགོར་སོང་། ཕྱིས་སུ་ལོ་ངོ་མང་པོའི་འབད་འབུངས་ཁྲོད་ཁོང་གིས་ཇ་རྟའི་ཚོང་ལམ་གྱི་ལམ་ཐིག་ཁྲོད་ཀྱི་ས་ཚུགས་གཙོ་བོ་ཁག་སྟེ་བདེ་ཆེན་དང་འཇང་ཡུལ། ལི་ཐང་དང་ལྷ་ས་སོགས་སུ་གནས་ཚང་སྟེ་དྲིན་གཟོ་བའི་རིག་གནས་ལྟ་བ་འདི་གཙོར་བའི“ཨ་རོགས་ཁམས་པ།”ཞེས་པའི་གནས་ཚང་སྤུས་ལེགས་རེ་རེ་བསྐྲུན་ལ། རིག་གནས་ཉམས་རོལ་དང་ཡུལ་སྐོར་གཙོ་གཉེར་གྱི་སྲོང་བཙན་གླིང་ཀ་དང་འདྲ་བའི་རྒྱལ་ཕྱི་ནང་གི་གནས་ཚང་ཡག་ཤོས་ཀྱི་གྲས་སུ་སླེབས་ཚོད་རེད།

      དེབ་འདིར་བལྟས་རྗེས་རང་ལ་བག་ཆགས་ཟབ་ཤོས་ནི་ཁོང་གི་གཞན་ལ་ཕན་པར་རེ་བའི་བསམ་སྦྱོར་ཡག་པོ་དེ་ཡིན། སྐབས་ཐོག་དེར་དེབ་འདི་ཀློག་དུས་རང་གིས་བསམ་པར་ད་ལྟའི་དུས་ལའང་མི་བུ་བསམ་པ་ཅན་འདི་འདྲ་རེ་ཡོད་དམ་སྙམ་པ་ཞིག་བྱུང་། ཁོང་གི་ཨ་ཕས་གཞན་ལ་ཕན་འདོགས་པ་ནི་དོན་གྱིས་རང་དོན་ཡིན་ཞེས་པ་ལྟར། ཁོང་གི་མི་ཚེའི་ཁྲོད་རྟག་ཏུ་རང་གི་གཞན་ཕན་གྱི་བསམ་སྦྱོར་ཡག་པོ་དེ་དོར་མེད་ལ་ཁོང་དཀའ་སྡུག་ལ་ཕྲད་པའི་སྐབས་ཀྱང་གྲོགས་མང་པོའི་རོགས་རམ་ཏན་ཏན་ཐོབ་ཡོད། དེབ་འདི་ངས་ཐོག་མར2023ལོར་མཐོ་གསུམ་བསྐྱར་འདོན་སྐབས་བཀླགས་པ་ཡིན། སྐབས་དེར་ང་ཚོར་ཁྲིད་དེབ་རྐྱང་བ་ལས་སློབ་ཕྱིའི་དཔེ་ཆ་ལྟ་ཆོག་གིན་མེད། བསྐྱར་འདོན་གྱི་གནོན་ཤུགས་དང་སེམས་ཚེགས་ཁྲོད། དཔེ་དེབ་འདི་ལ་བལྟས་པས་སྐབས་དེའི་རང་སེམས་གཉོམ་པོ་དེར་མེ་ཏོག་ལ་ཉི་དྲོད་རག་པ་ལྟར་ཕན་གང་མང་ཐོགས་སོང་། དངོས་གནས་སྐབས་དེའི་ང་ལ་སྐོམ་གདུང་གི་མིག་ལ་རོལ་དབྱངས་དྲངས་པ་ལྟ་བུའི་སེམས་སྟོབས་ཤིག་བྱིན། དེ་བས་ངས་ད་རུང་དེབ་འདི་མུ་མཐུད་དུ་བཀླག་དགོས། རྒན་ཁོང་གི་སྐད་ཆ་ཞིག་ལ་ང་དགའ་བོ་རང་ཡོད། ཁོང་གིས་བཤད་ན་རང་གི་མི་ཚེར་གདམས་ངག་གལ་ཆེ་བ་གསུམ་ཡོད་གསུངས། “བསམ་པ་བཟང་པོ་གྱིས། གཟུགས་པོ་ཡང་པོ་གྱིས། སྣང་བ་སྐྱིད་པོ་གྱིས།”ཉན་ན་གོ་སླ་བའི་སྐད་ཆ་འདི་བསྒྲུབ་ན་ཕལ་ཆེ་བས་འཇོན་གྱིན་མེད་པ་འདྲ་སྟེ། ཐུང་ཐུང་གི་མི་ཚེར་སྐུལ་མ་འདི་གསུམ་སོ་སོའི་མི་ཚེ་དོན་དང་ལྡན་ལ་བདེ་ཞིང་སྐྱིད་པ་ཡོང་བའི་སྔོན་འགྲོ་ལྟ་བུར་འདོད་ཡོད།

    གསལ་བཤད།  དེབ་འདི་ལ་བོད་ཡིག་དང་རྒྱ་ཡིག་གི་པར་མ་གཉིས་ཀ་འདུག། བོད་ཡིག་པར་མ་ལ《ཤམ་བྷ་ལ་འཚོལ་བ》ཟེར།


  • ལེ་ཚན་སྔོན་མ།:《མི་ལ་རས་པའི་རྣམ་མགུར》བཀླགས་པའི་ཟིན་ཐོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།