2026-05-18
སྤྱི་ཟླ5པའི་ཚེས10ཉིན་ལ། རོང་བྲག་རྫོང་དང་སིལ་བརྒྱ་ལྡུམ་ར་ཚོགས་པས་རོང་བྲག་མཛེས་མ་ཀུ་ཤུ་ཆེད་མོལ་རྟེན་གཞི་མཉམ་ལས་གྲོས་ཆིངས་བཞག་པ་རེད། ཕྱོགས་གཉིས་པོས་ཐོན་འཚོང་འབྲེལ་མཐུད་དང་ལག་རྩལ་ཞབས་ཞུ། སྤུས་རྟགས་མཉམ་སྐྲུན་བཅས་ལ་ཕྱོགས་ནས་མཉམ་ལས་ཟབ་མོ་བྱས་པ་ལས་རོང་བྲག་ཀུ་ཤུའི་ཁྱད་ཆོས་སིལ་ཏོག་ལས་རིགས་མཐོ་རིམ་སྤུས་རྟགས་ཅན་གྱི་འགྲོ་ལམ་དུ་སྐྱོད་པའི་གོམ་པ་གནད་འགག་སྤོས་ཐུབ་པ་མཚོན་ཡོད།
རོང་བྲག་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོར་གནས་ཤིང་མཚོ་འཕགས་སྨི1700ནས2600བར་ཡོད་ཅིང་། ཉིན་མཚན་གྱི་དྲོད་ཁྱད་ཆེ་བ་དང་ཉི་འོད་འདང་བས་ཀུ་ཤུ་སྐྱེ་བར་རང་བྱུང་ཆ་རྐྱེན་ཐུན་མོང་མ་ཡིན་པ་འཛོམས་ཡོད། ས་དེ་གར་ཐོན་པའི་མཛེས་མ་ཀུ་ཤུའི་པགས་པ་དམར་མདངས་ཆགས་ཤིང་མངར་ཚད་བརྒྱ་ཆ16.5ཡན་ལ་ཟིན། ད་ཆ་ཀུ་ཤུ་འདེབས་ཁྱོན་མུའུ8000ལ་ཟིན་པ་དང་ཞིང་པ་དུད་ཚང1558ཀྱི་ཡོང་འབབ་འཕར་བར་རོགས་སྐུལ་ཐུབ་ཡོད། 2020ལོར་རོང་བྲག་མཛེས་མ་ཀུ་ཤུ་ལ་ས་གཤིས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་ལོན་ཡོད།
ཆིངས་འཇོག་སྔོན་ལ། སིལ་བརྒྱ་ལྡུམ་ར་ཚོགས་པའི་ཉོ་སྒྲུབ་ཚོགས་པས་མཆོད་རྟེན་ས་དགོན་དང་མཐུན་སྒྲིལ། ཟླ་དམར་ལྔ་པ། ཉག་ཀ། བོད་དགའ་སོགས་ཀུ་ཤུ་འདེགས་འཛུགས་རྟེན་གཞི་མང་པོར་འདེབས་ཁྱོན་དང་སྤུས་ཀ་ཚོད་འཛིན་གྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད། ལག་རྩལ་གྱི་དཀའ་གནད་ལ་དམིགས་ནས་ཡུལ་དངོས་སུ་གྲོས་འགོ་ཡང་བཏོན་པ་རེད། རོང་བྲག་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་མགོ་གཙོ་གཞོན་པ་ཡུས་ལེན་དབྱིན་གྱིས་ང་ཚོས་སྤྱི་གཉེར་ཁང་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ། ཀུ་ཤུ་ཐོན་ལས་ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་ཡུལ་སྡེ་དར་རྒྱས་བར་འབྲེལ་མཐུད་ཡག་པོར་ཡོང་བའི་ཀ་སྐྱོར་ཐོན་ལས་གྱི་ཡ་གྱལ་དུ་བསྒྱུར་ཡོད་ཅེས་བཤད།
གྲོས་ཆིངས་ལྟར་ན། རོང་བྲག་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་དང་སིལ་བརྒྱ་ལྡུམ་ར་ཚོགས་པའི་བར་ཉོ་སྒྲུབ་གྲོས་ཆིངས་བཞག་པ་དང་། རྫོང་ཞིང་ལས་འཕེལ་རྒྱས་སྤྱི་གཉེར་ཁང་དང་སིལ་བརྒྱ་ལྡུམ་ར་ཚོགས་པའི་བར་ལག་རྩལ་ཞབས་ཞུའི་གྲོས་ཆིངས་བཞག་ཡོད། ཕྱོགས་གཉིས་པོས་མཉམ་དུ་མཛེས་མ་ཀུ་ཤུའི་ལག་རྩལ་མ་ལག་དང་སྤུས་ཀ་ཚོད་འཛིན་ཚད་གཞི་ཇེ་ལེགས་སུ་གཏང་རྒྱུ་དང་། འཚོང་ལམ་བརྟན་པོར་བཟོ་བ། སིལ་བརྒྱ་ལྡུམ་རར་བརྒྱུད་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར150ལྷག་ལ་བཙོང་བའི་སིལ་འཚོང་དྲ་བ་ཆགས་སུ་བཅུག་པ་དང་། ཁྲོམ་ར་དང་འཛད་སྤྱོད་པར་འབྲེལ་མཐུད་གནད་ལ་སྨིན་བ་བྱས་ཏེ། མཐོ་རིམ་སིལ་ཏོག་གི་སྤུས་རྟགས་མཉམ་དུ་གཏོད་རྒྱུ་རེད།
ཡུས་ལེན་དབྱིན་གྱིས་ཐེངས་འདིའི་ཆིངས་འཇོག་བརྒྱུད་དེ། མཛེས་མ་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སྤོས་ཏེ། སྤུས་ཀ་ཚོད་འཛིན་དང་འཚོང་ལམ་བརྟན་པོར་བཟོ་ཐུབ་པར་མ་ཟད། སིལ་བརྒྱ་ལྡུམ་རར་བརྟེན་ནས་སྤུས་རྟགས་ཇེ་གྲགས་སུ་འགྲོ་ཐུབ་ཅིང་། མཛེས་མ་ལུང་པར་སྟོབས་ཤུགས་བསྩལ་ནས་ཡུལ་དེ་གའི་མི་རྣམས་ཕྱུག་འབྱོར་ཡོང་བའི་འཕེལ་རྒྱས་དམིགས་འབེན་ངོ་མ་འགྲུབ་རྒྱུ་རེད་ཅེས་བཤད་པ་རེད།།
ལོ་ཙཱ། སྐལ་ཐུབ།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10