བྲག་མདོ་མྱུར་ལམ་གྱི་གནས་ཚུལ་གསར་ཤོས།

        2026-05-18

དབྱང་ཧུང་ཧྲོའུ་ཡིས་དར་མདོ་གྲོང་ཁྱེར་ར་རྔ་ཁ་ནས་བྲག་མགོ་བར་གྱི་མྱུར་ལམ་འཛུགས་སྐྲུན་མཐུན་སྦྱོར་ཆེད་དོན་ཚོགས་འདུར། འགན་འཁྲི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་བྲག་མདོ་མྱུར་ལམ་ཁྱོན་ཡོངས་ནས་ལས་འགོ་འཛུགས་པར་འགན་ལེན་བྱ་དགོས་ཞེས་བསྟན།


སྤྱི་ཟླ5པའི་ཚེས15ཉིན། དར་མདོ་གྲོང་ཁྱེར་ར་རྔ་ཁ་ནས་བྲག་མགོ་བར་གྱི་མྱུར་ལམ་འཛུགས་སྐྲུན་མཐུན་སྦྱོར་གྱི་ཆེད་དོན་ཚོགས་འདུ་རྟའུ་རྫོང་དུ་འཚོགས་ཤིང་། འབྲེལ་ཡོད་ལས་དོན་སྙན་སེང་ལ་ཉན་པ་དང་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཏེ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་འགན་འཁྲི་ནན་དུ་བཏང་ནས་འགན་འཁྲི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ། བྲག་མདོ་མྱུར་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་འཛུགས་པར་འགན་ལེན་བྱ་དགོས་ཞེས་ནན་གསུངས་གནང་།

ཚོགས་འདུར་བསྟན་དོན། སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབད་བརྩོན་ལྷོད་མེད་འོག། རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་བྲག་མདོ་མྱུར་ལམ་ལ་བསྐུལ་ཏེ། ལོ3ནང་ཚུད་དུ་འཆར་འགོད་ནང་བཅུག་པ་ནས་ལས་འགོ་འཛུགས་པའི་བར་མི་སྲིད་པ་དེ་སྲིད་པ་དང་འཆར་འགོད་འཆར་རིས་དེ་དོན་དངོས་སུ་བསྒྱུར་དགོས། ཐོབ་པར་དཀའ་བའི་གྲུབ་འབྲས་དེར་རིམ་ཁག་ལས་བྱེད་པའི་དཀའ་སྡུག་འདུས་ཡོད་པས་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱ་དགོས།

ཚོགས་འདུར་བསྟན་དོན། འགན་འཁྲི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་གཏང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རང་རེའི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་དེ་མཐའ་འཁོར་སྤུན་ཟླའི་གྲོང་ཁྱེར་ཁུལ་དང་བསྡུར་ན་སྔར་བཞིན་ཧེ་བག་མངོན་གསལ་དོད་པོ་ཡོད་པ་དང་། བྲག་མདོ་མྱུར་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསྐུལ་རོགས་བྱེད་པའི་ཕྱུག་འགྱུར་ལམ་བུ་ཞིག་དང་ཁུལ་ཡོངས་ཡུན་རིང་བདེར་འཁོད་འགན་ལེན་བྱེད་པའི་བརྟན་བརླིང་ལམ་བུ་ཞིག་ཡིན་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་ངོས་འཛིན་གང་ལེགས་བྱ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་རྒྱུས་ལ་འགན་ཁུར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་སེམས་ཐག་གཙང་བཅད་ཀྱིས་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། དགོས་གཏུག་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་གཏང་དགོས། དུས་འགོའི་ལས་ཀའི་འཕེལ་རིམ་རྗེས་སུ་ལུས་པའི་གནད་དོན་ལ་དམིགས་ནས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱིས་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་རྒྱག་པ་དང་། དར་མདོ་དང་རྟའུ། བྲག་མགོ་བཅས་རྫོང(གྲོང་ཁྱེར)གསུམ་གྱིས“ལམ་གཅིག་ཇུས་གཅིག”གི་རྩ་དོན་ལྟར་བསྒྲུབ་དགོས། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་བསྒྲུབས་ནས་ལམ་རྒྱུད་ཀྱི་མང་ཚོགས་ལ་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་དགོས།

ཚོགས་འདུར། བྲག་མདོ་མྱུར་ལམ་སྤྱི་གཉེར་ཁང་གིས་མྱུར་ལམ་ལས་གཞི་ལ་སྐུལ་འདེད་གཏོང་ཚུལ་དང་ཡུན་རིང་ས་ཆ་སྤྱོད་པའི་ཚོ་ཆུང་ལ་ཆོག་མཆན་ཞུ་བའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད་། དར་མདོ་དང་རྟའུ། བྲག་མགོ་བཅས་རྫོང(གྲོང་ཁྱེར)3གྱི་སྲིད་གཞུང་དང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས། བོད་མཐོ་ཚོགས་པ་སོགས་སྡེ་ཚན་ཁག་གི་འགན་ཁུར་བས་ཚོགས་འདུར་གཏམ་བཤད་བྱས་པ་རེད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཆེན། དར་མདོ། རྟའུ། བྲག་མགོ་བཅས་རྫོང(གྲོང་ཁྱེར)3གྱི་སྲིད་གཞུང་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག། མྱུར་ལམ་རྒྱུད་ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་འགན་འཁུར་པ་གཙོ་བོ་ཚོགས་འདུར་ཞུགས་ཡོད།

ཚོགས་འདུ་མ་འཚོག་གོང་། དབྱང་ཧུང་ཧྲོའུ་ད་དུང་རྟའུ་རྫོང་ལུང་བསྟན་ཡུལ་ཤོག་ཏུ་ཕེབས་ཏེ་ཡུལ་དངོས་ནས་བྲག་མདོ་མྱུར་ལམ(རྟའུ་ས་མཚམས)ལུང་བསྟན་ཕྱོགས་འདུས་ལས་གཞི་འཛུགས་སྐྲུན་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ་རེད།།


ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱིའི་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:སྤྱི་ཚོགས་ཉེན་འགོག་གི་ཉེན་འགོག་རིགས་དྲུག་པ་འདི་འདྲ་རེད།
  • ལེ་ཚན་རྗེས་མ།:རོང་བྲག་མཛེས་མ་ཀུ་ཤུ་གྲོང་ཁྱེར150ལྷག་ཏུ་བཙོང་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།