ལོ་རྒྱུས་ཀྱི་སྐོར་ལ་གནང་བའི་མཁས་པའི་ཞལ་གདམས།

གངས་དབང་གིས་བསྡུས།        2013-03-11

༡ལོ་རྒྱུས་སྐོར་ཐག་གཅོད་རྒྱུ་ཤིན་ཏུ་དཀའ་མོ་ཞིག་ཡིན།མང་མང་གི་ཁ་རྒྱུན་ལ་ཡིད་རྟོན་མི་རུང་བ་མང་དུ་ཡོད་པར་མ་ཟད།ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་ཡིན་ཡང་ཡིད་རྟོན་མི་རུང་བ་མང་དུ་ཡོད།
                   དོར་ཞི་གདོང་དྲུག་སྙེམས་བློ།
༢གྲུ་གུ་དང་ལི་ཡུལ་དང་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས།བདེན་པ་ར་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་འདི་འདྲ་དག་ཀྱང་།ཐ་ན་ཕྱི་རྒྱའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཁྱབ་གདལ་དུ་གྲགས་མོད་ཀྱི།རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས།
                      དགེ་འདུན་ཆོས་འཕེལ།
༣དེ་ཡང་རྒྱལ་ཁབ་ཕྱི་ནང་གི་མི་རིགས་མང་པོའི་དར་རྒུད་འཕོ་འགྱུར་གྱི་ལོ་རྒྱུས་ལ་བལྟས་ན།མི་རིགས་ཀྱི་འདུ་ཤེས།རིག་གནས་ཀྱི་འདུ་ཤེས།ཡར་རྒྱས་ཀྱི་འདུ་ཤེས་ཡོད་པའི་མི་རིགས་གང་ཡང་སྐྱེ་སྟོབས་འཕེལ་སྟོབས་ཆེ་ཞིང་།འདུ་ཤེས་གསུམ་དེ་མེད་པའམ་ཞན་པ་རྣམས་གནས་སྐབས་དབང་སྟོབས་ཇི་འདྲ་ཆེ་ཡང་།རིམ་གྱིས་ཉམས་ཤིང་རྒུད་པ་དང་།མཐར་མི་རིགས་གཞན་ཞིག་གི་ཁྲོད་དུ་འདྲེས་ནས་མིང་གི་ལྷག་མར་གྱུར་བ་སོགས་ཕལ་ཆེར་དངོས་པོའི་ཆོས་ཉིད་ལྟ་བུ་ཞིག་ཏུ་གྱུར་འདུག
                དོར་ཞི་གདོང་དྲུག་སྙེམས་བློ།
༤གནའ་དུས་སུ་རང་རེ་བོད་མི་ཚང་མར་རང་རང་གི་རུས་མིང་ཡོད་པ་ནི་ལོ་རྒྱུས་ཀྱི་ཡིག་རྙིང་མཐའ་དག་ལས་གསལ་པོ་མཐོང་ཐུབ་ཅིང་།བོད་སིལ་བུར་ཁ་ཐོར་གྱི་དུས་མཇུག་ཏུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་དར་རྒྱས་བྱུང་སྟེ་ཆོས་ཀྱི་དགོངས་དོན་དང་མཐུན་པའི་མི་མིང་འདོགས་སྲོལ་དར་ཁྱབ་ཏུ་གྱུར་བ་ནས་བཟུང་རུས་མིང་རྣམས་རིམ་བཞིན་འབོད་སྲོལ་མེད་པར་གྱུར།                  
                   ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
༥རང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི་རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད།སྤྱིར་རྒྱ་གར་དང་བོད་ཀྱི་བར་ལ་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་པོ་ཡོད་མོད།འོན་ཀྱང་།ཡོད་ཚད་རྒྱ་གར་ནས་བྱུང་བར་སྙམ་ན།བོད་རིགས་ལ་རང་གི་ལོ་རྒྱུས་དང་།རང་གི་རིག་གནས།རང་གི་ཁྱད་ཆོས།རང་གི་བསམ་བློ།རང་གི་ཡུལ་སྲོལ་གོམས་འདྲིས་སོགས་ཡོད་དམ་མེད།འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱེད་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པར་མ་ཟད།ང་ཚོ་མི་རིགས་འདིའི་ངོ་ཚ་ཞིག་ཀྱང་རེད།
              དཔལ་དོན་གྲུབ་རྒྱལ།
༦གནད་དོན་ལ་ལ་དང་།ལྷག་པར་དུ་རིག་གཞུང་སྐོར་གྱི་གནད་དོན་ནི་རེ་ཞིག་བདེན་རྫུན་གྱི་ཕུ་ཐག་གཅོད་དཀའ་བས།དུས་ཡུན་རིང་པོ་ཞིག་ལ་རྩོད་པ་བྱེད་དགོས་པ་དང་།དུས་ཡུན་རིང་པོ་ཞིག་གི་ཚོད་བགམ་བརྒྱུད་དགོས།
                   དཔལ་དོན་གྲུབ་རྒྱལ།
༧འཇིག་རྟེན་སྒྲུབ་པའི་རིག་གནས་ཤེས་བྱའི་ཕྱོགས་ལ་གངས་ཅན་པ་རྣམས་ཆེས་ཞན་ཞིང་བླུན་པས།མི་རིགས་རང་ལ་གྱོང་གུད་མི་རབས་ནས་མི་ཐོག་ཏུ་མྱོང་བ་དཔྱོད་ལྡན་རྣམས་ཀྱིས་ཤེས་གསལ་ལྟར་ཡིན།              
དོར་ཞི་གདོང་དྲུག་སྙེམས་བློ།
  ༨སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་སྔར་ཡོད་ཆད་བསལ་ཁ་སྐོང་བྱེད་པ་དང་།སྔར་མེད་ཚུར་ལེན་ཁ་སྣོན་བྱེད་པའི་ཐབས་ལ་མ་འབད་ན།མོ་ཊ་དང་ལྕགས་བྱ་འུར་གྱིས་སོང་ཤུལ་དུ།རྟ་རྒན་བོང་ཆད་བཞོན་ནས་གཞུག་ཨེ་ཆོད་ལྟ་བ་ལྟ་བུ་རེད།གཞན་གྱིས་ཁྲེལ་བགད་བྱེད་པའི་རྒྱུ་ལས་མ་འདས།                                                    
དོར་ཞི་གདོང་དྲུག་སྙེམས་བློ།
 
  • ལེ་ཚན་སྔོན་མ།:ང་དང་ངའི་སློབ་ཆེན་གྱི་འཚོ་བ།
  • ལེ་ཚན་རྗེས་མ།:དུས་རབས་ཀྱི་འགྲོས་སུ་བཞུར་བའི་མཐོ་སྒང་གི་འགྱུར་ཁུག