དུས་རབས་ཀྱི་འགྲོས་སུ་བཞུར་བའི་མཐོ་སྒང་གི་འགྱུར་ཁུག

གངས་དབང་གིས།        2013-05-09

དུས་རབས་ཀྱི་འགྲོས་སུ་བཞུར་བའི་མཐོ་སྒང་གི་འགྱུར་ཁུག

ན་ཆུང་དུས་གེ་སར་གྱི་དབྱངས་རྟའི་ཁྲོད་དུ་འཚར་ལོངས་བྱུང་ཞིང་།རྟ་མཆོག་རྒོད་པོའི་ཁ་ལོ་བསྒྱུར་ཤེས་པ་ནས།ཉི་འོད་གསོས་སུ་བཞེས་པའི་གངས་དཀར་གྱི་རྔམ་བརྗིད་བཞིན།མི་ཚེ་རིན་དུ་བླངས་པའི་ཆུ་འགོ་བརྡོལ།སེམས་ཀྱི་ཁྲག་རྩ་ནི་ཕ་ཡུལ་གྱི་རི་ཆུའི་ཆགས་འཇིག་དང་ཉི་ཟླའི་འཕེལ་འགྲིབ་ཀྱིས་འཕར་ལྡིང་བྱས་པས།མཚན་མོར་ཕ་ཡི་བཀའ་གདམས་གཉིད་དུ་རུམ་།ཉིན་མོར་མ་ཡི་ལས་དབང་ཐོད་གཉེར་ལ་ཕབ། 

གནའ་དེང་གི་གཏམ་རྒྱུད་ཤུབ་བུར་བཟློ་བའི་གངས་ཆུས་མགྲིན་མགུལ་བརླན།བདེན་རྫུན་ཤན་འབྱེད་ཀྱི་རླུང་བུས་ངག་སྒོ་ཆེས་ཆེར་ཕྱེས།ཁྲོ་ལ་ནས་རྒྱང་རིང་དུ་བསྲིངས་པའི་ལམ་བུར་གླུ་ཡིས་ལམ་བྲོ་དང་།གཞས་ཀྱིས་ལམ་རྒྱགས་བྱས་ཏེ་གཉིད་མ་སད་ཀྱི་ཡུལ་གྲུ་སྙན་འཇེབས་ཀྱི་ཕོ་ཉས་དཀྲོགས།འགྱུར་བག་སྟོང་ལྡན་གྱི་འགྱུར་ཁུག་གྱེར་ཐེངས་རེ་ལ།ངལ་ཐང་ཆད་པའི་ལམ་འགྲོ་བས་སྔོ་ལྗང་གི་འབྱུང་འགྱུར་མཐོང་།གསེང་མཐོར་སྒྲོག་པའི་དག་གསལ་སྙན་གསུམ་གྱི་ངག་གིས།བསང་བསུར་གྱི་དུད་སྨུག་ཁྲོད་གཉིད་དུ་ཡུར་བའི་གྲོང་སྡེ་ལ་འུར་ཟིང་བསླངས།
ཁོ་བོས་རྨི་ལམ་གྱི་ཁྲོད་དུ་གངས་རི་ལ་མཐའ་སྐོར་བྱེད་དུས་ལུ་གུའི་མེ་ཏོག་བཞད་པའི་སྤང་ལྗོངས་སུ་ན་ཆུང་མ་ཡིས་ཨ་མའི་པགས་ཚག་བཀླུབས།འབྲི་མོའི་འོ་ཞོ་འཐུང་བཞིན་ཁྱེད་ཀྱི་དབྱངས་འགྲོས་སུ་ཡིད་མཐུན་སྒུག སྔོ་བསངས་ཀྱི་མཁའ་ལམ་དུ་མཁའ་ལྡིང་འཕྲུལ་གྱི་རྒྱལ་པོ་ཞིག་གིས།གནས་འཇལ་བ་ཡི་གོམ་སྟབས་དང་བྱིས་པ་རྣམས་ཀྱི་རྨི་ལམ་ཁྱེར་ནས།ཁྱེད་ཀྱི་འགྱུར་ཁུག་དང་བསྟུན་ཏེ་ལྡིང་སྐོར་མཛད།འཕེལ་འགྲིབ་ཀྱིས་སྟོང་བའི་མཚོ་སྔོན་པོར་གསེར་ཉ་ཡིས་མཆོད་པའི་རླབས་ཀྱི་ཟེགས་མས་བཀྲ་ཤིས་པའི་རི་མོ་གཙགས།བྱང་ཁོག་རྩྭ་ཐང་ལས་ཡངས་ཤིང་།ཕྲག་པ་བྱ་རྒོད་ལྟར་བརྐྱངས་པའི་ཁམས་པའི་ཕོ་སར་རྣམས་ཀྱིས།རང་ལ་དབང་བའི་ཁྱིམ་གཞིས་དྲོན་མོ་བསྐྲུན།
ངོ་མ།གླུ་དབྱངས་ལྡན་པའི་ཁོར་ཡུག་ནི་ཇི་འདྲའི་སྐྱིད་པ་ལ་ཨང་།ཁྱེད་ཀྱིས་མེ་ཏོག་བཞད་པའི་སྒྲ་ཐོས།ཟླ་འོད་ལྷུང་བའི་དབྱངས་ཚོར་བས།མཐོ་དམའ་ཡི་འགྱུར་ཁུག་ཏུ་བཀྲ་ཤིས་ཀྱི་ལོ་རྒྱུས་བསམ།ཕྲ་སྦོམ་གྱི་དབྱངས་འགྲོས་སུ་སྒྲོལ་མའི་བདེ་སྡུག་དྲན།
ཁྱེད་ཀྱི་སྙིང་རུས་ནས་ཐོན་པའི་གླུ་རེ་རེས།རྨོ་འདེབས་ཀྱི་ངལ་བ་་སེལ།བརྔ་བསྡུ་ཡི་སྤྲོ་སྣང་རྒྱས་པས།།ལྟེ་ཁྲག་འཕོ་བའི་ཆུ་བཞི་ལ་་ཟུངས་ཁྲག་གིས་སྨིན་པའི་གླུ་ཞིག་ལོངས།ཟུངས་ཁྲག་བཞུར་བའི་སྒང་དྲུག་ལ་དགྲ་ལྷ་དར་བའི་ངག་ཅིག་ཁུགས་དང་།ཁོ་བོ་ནི་ཁྱེད་ཀྱི་གླུ་དབྱངས་ཁྲོད་རྒྱང་སྐྱོད་བྱེད་འདོད།ཁོ་ཚོས་ཀྱང་ཁྱེད་ཀྱི་དབྱངས་རྟ་ནང་འཕུར་སྐྱོད་བྱེད་ངེས།
 
 
 

  • ལེ་ཚན་སྔོན་མ།:ལོ་རྒྱུས་ཀྱི་སྐོར་ལ་གནང་བའི་མཁས་པའི་ཞལ་གདམས།
  • ལེ་ཚན་རྗེས་མ།:གྱེས་ཁའི་གཏམ།