ཟི་ལིང་།(བཀྲ་ཤིས་རྒྱལ།) 2013-03-11
སློབ་ཆེན་ནི་མི་སྣ་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་པས། བདག་གིས་ནམ་ཡང་རང་ཉིད་ཀྱི་འགྲོ་འདུག་འཆག་ཉལ་ལ་མནོ་བསམ་ཞིབ་མོ་བཏང་བ་ཡིན། རྒྱུ་མཚན། ཁྱོད་རང་ལྷ་ཡུལ་དུ་ཁྲིད་པའི་ཐེམ་སྐས་ཡོད་ས་ན། དམྱལ་ཁམས་སུ་འཕེན་པའི་དགྲ་རྡོའང་ཡོད་སྲིད་པ་རེད། སློབ་ཆེན་དུ་ཞུགས་པ་ནས་བཟུང་། ང་ལའང་འཕོ་འགྱུར་མང་པོ་ཞིག་བྱུང་སོང་། སྤྱིར་གཞན་ངོ་རིག་ན་རང་ངོ་དམར་པོར་འགྱུར་བའི་ཁོ་བོ། འབྲེལ་འདྲིས་ཀྱི་རྔམ་ཁ་མཐུག་པའི་གནས་འདིས་གཤགས་བཅོས་ཐེངས་མང་བྱས་པས། ད་ལྟའི་ང་ལ་གནས་ཚུལ་དེ་ལྟ་བུ་ཞིག་ཡེ་ནས་འབྱུང་མི་སྲིད། བསམ་བློ་ཞིག་གསོ་སྤེལ་བྱ་ན། རང་ཁོ་ནས་དཔེ་ཆར་བལྟས་པས་མི་ནུས་པར་སེམས། དེ་ནི་རང་གི་ལྟ་བ་གཞན་ལ་འཆད་ཤེས་པའི་གོ་རིམ་ཞིག་དང་གཞན་གྱི་གླེང་མོར་རང་གིས་ཉན་ཤེས་པའི་གོ་རིམ་ཞིག་རེད། དེ་བས། སློབ་ཆེན་དུ། ངས་འདིའི་ཕྱོགས་ལ་འབད་བརྩོན་ལྷུར་ལེན་བགྱིས་ཤིང་འདིའི་ཐད་ཀྱི་དགེ་བའི་བཤེས་གཉེན་དག་གི་འཆད་ཁྲིད་རབ་དང་རིམ་པར་ཡང་དུས་རྟག་ཏུ་ཞུགས་པ་ཡིན། མི་ཞིག་གི་བསམ་བློའི་འདུ་ཤེས་དང་འཚོ་བའི་རོལ་སྟངས་དེ་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་ངེས་ཅན་ཞིག་དང་འབྲེལ་ཡོད་ཅེས་པ་ལྟར། སློབ་ཆེན་གྱི་སློབ་རའི་ཁོར་ཡུག་གིས་ཀྱང་བདག་ལ་ཟུར་མི་འདྲ་བ་ནས་ཤུགས་རྐྱེན་མང་པོ་བཞག་སོང་། འདིའི་ཐད་དགེ་བའི་ཆ་དང་མི་དགེ་བའི་ཆ་དུ་མ་འདུས་ལ། དེ་ནི་གཙོ་བོ་རང་གི་བློ་གྲོས་ཀྱི་གདམ་ག་ལ་རག་ལས་ཕྱིར། ཁོ་བོས་ནམ་ཡང་བྱ་བའི་འཇུག་ལྡོག་ལ་བསམ་གཞིགས་ནན་མོ་བཏང་ཞིང་བློས་མི་དཔོག་པ་དག་དགེ་བའི་བཤེས་གཉེན་སོགས་ལ་བློ་འདྲི་གྲོས་གསུམ་བྱས་པ་ཡིན།
སློབ་ཆེན་གྱི་འཚོ་བ་ནི་སློབ་མ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བའི་སློབ་གསོའི་བརྒྱུད་རིམ་ཞིག་ཏུ་སྣང་ལ། འདིས་ཚད་ངེས་ཅན་ཞིག་ནས་སློབ་མའི་ཤེས་རིག་དང་ཀུན་སྤྱོད། བསམ་བློ་སོགས་ལ་ཤུགས་རྐྱེན་གཏིང་ཟབ་གཏོང་བ་རེད། དེ་བས། ང་ཚོས་རང་གི་གལ་ཆེ་བའི་སློབ་གསོའི་འགྲུལ་བཞུད་འདི་སྣང་མེད་དུ་འཇོག་མི་རུང་བར། ནམ་ཡང་ཕྱོགས་མང་པོ་ནས་རང་ཉིད་ལ་རེ་བ་ནན་མོ་བཅོལ་དགོས་ཤིང་འཕེལ་རྒྱས་ཀྱི་ལམ་ལ་བརྩོན་པ་ཡི་མེ་དཔུང་རྟག་ཏུ་སྒྲོན་འོས། མངར་བསྐྱུར་འདྲེས་མའི་སློབ་ཆེན་གྱི་འཚོ་བས། མཐར་གཏུགས་ན། ང་དང་ངའི་ནར་སོན་གྱི་ལོ་ཟླར་མཛེས་སྡུག་གི་ཁ་དོག་བསྐྲུན་ཞིང་། རང་ཉིད་ཀྱི་སྐ་རགས་རང་ཉིད་ཀྱིས་བསྡམས་དགོས་པའི་སློབ་གསོའི་སྐུལ་མ་ཞིག་ཀྱང་བཏང་སོང་།
མཐའ་མཇུག ངས་རང་གི་རིག་གནས་ལ་མཁས་པར་བརྩོན་ཞིང་། གཞན་གྱི་རིག་གནས་ལ་ཤེས་པར་འབད་པའི་དེང་རབས་བོད་ཀྱི་སློབ་ཆེན་པའི་མདུན་ལམ་མཁའ་ལས་ཡངས་པའི་སྨོན་ལམ་ཞིག་ཀྱང་རྒྱག་གོ །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10