རིག་གནས་ཀྱི་རིན་ཐང་།
(ཕུན་ཚོགས་སྒྲོལ་མས།) 2013-03-04
འགྱུར་སླ་བའི་འཇིག་རྟེན་འདི་ནས་ཡོད་ཚད་འཇིག་ངེས་ཤིང་། དགའ་སྐྱོ་འདྲེས་པའི་མི་ཡུལ་འདི་ནས་ཐམས་ཅད་འབྲལ་ངེས་ཕྱིར། ཟང་ཟིང་ལང་ལོང་གི་སྤྱི་ཚོགས་འདིར་རང་ཉིད་ལས་སུ་ལའང་ཡིད་ཆེས་དཀའ་བས། རང་བྱུང་ཁམས་ཆེན་པོ་འདིར་ཅི་ལྟར་རློམ། ངེས་མེད་ཀྱི་ཁོར་ཡུག་འདིའི་ཁྲོད་ནས་ཅི་ཞིག་ཐོབ་འདོད་ཀྱང་རྙེད་མ་ཐུབ་ལ། གང་ཞིག་འདོར་བསམས་ཀྱང་གཏོང་མ་ཕོད། གང་ལ་བགྲོད་སྙམ་ཡང་འདི་རུ་ལུས། ཀྱེ་མ། ཡོད་ཚད་གཞན་དབང་གིས་ཁྱེར་དྲགས་ལ། ཐམས་ཅད་བསླུ་བྲིད་ཀྱིས་ཁེངས། ཡིན་ནའང་། ང་རྒྱུ་འབྲས་དང་དྲང་བདེན་གྱི་ཆེད་དུ་འཆི་རུང་ལ་གསོན་ཡང་དགོས།
དོན་དམ་དུ་མི་ཡུལ་ན་བདེན་དོན་ཟེར་བ་ཞིག་ཡོད་ན། འགྲོ་བ་མིའི་མཛེས་ཆོས་ཕྱི་ངོས་ནས་འཚོལ་དོན་ཅི། མི་ཚོགས་ཀྱི་འདུ་འཛིའི་ཀློང་དུ་མཛེས་སྡུག་གི་བསླུ་བྲིད་ཐེབས་པ། ཕྱིའི་མཛེས་ཆོས་ཀྱི་རྟོགས་སད་བྲལ་བའི་ནོར་འཁྲུལ་ཞིག སྟག་ཤར་ཚོས་བདུད་རྩི་བཞིན་མཛེས་མ་ཡིད་ཀྱིས་འཐུང་ནས་ལུས་ལ་ཁྱབ། མཛེས་མ་ཚོས་ཤོ་རྡེའུ་བཞིན་སྟག་ཤར་ཚོ་དམྱལ་བར་འདེད། སྙན་ངག་པའི་སྨྱུག་རྩེ་ན་མཛེས་མ་ཚོ་མེ་ཏོག་ལྟར་བཞད་དེ་བཀྲག་མདངས་འཚེར་ཡང་། མཛེས་མ་ཚོའི་མིག་ལམ་ན་སྙན་ངག་པ་ངུ་མ་དགོད་ཀྱི་སྲོག་ཆགས་ཤིག བསམ་བློ་བའི་ལྷག་བསམ་དེའང་སྔ་མོ་ནས་མཛེས་སྡུག་གིས་ཡོངས་སུ་བསྒྱུར་ཟིན་པས། འཇིག་རྟེན་འདིར་ངས་སུ་ལ་ཡིད་ཆེས་དང་བློ་གཏད་བགྱིད།
ཀྱེ། ཤེས་བྱ་ཡ་ཤེས་བྱ། ཕྱི་ནང་གི་ཉིང་བཅུད་བསྡུས་པའི་ཤེས་བྱ་སྟེ། ལས་རྒྱུ་འབྲས་ཀྱི་བདག་པོ། བྱམས་སྙིང་རྗེ་ཡི་མ་མ། མ་རིག་འཆིང་རྒྱ་གྲོལ་བྱེད་ཀྱི་ནོར་བུ། འཕྲུལ་སྣང་གི་བགྲོད་ལམ་ཡངས་པོར་འབྱེད་པའི་ལྡེ་མིག རྨོངས་མུན་འཇོམས་ཤིང་དགེ་ལེགས་སྩོལ་བའི་སྒྲོན་མེ་སྟེ། ཤེས་བྱ་ནི་མི་ཡུལ་འདིའི་རིན་ཐང་གཞལ་དུ་མེད་པའི་བྱ་དངོས་ཀུན་གྱི་མཆོག་ཡིན་ཕྱིར། ངས་ནམ་ཡང་ཨུ་ཚུགས་ཀྱིས་སྨྱུ་གུ་ཐོགས་ཏེ། ཁྱེད་རང་འཚོལ་བའི་གོམ་ཁ་ལྷོད་མི་སྲིད། དེ་ནི་རིག་གནས་ཀྱི་སློང་མོ་བ་ངའི་ཆེས་བླ་ན་མེད་པའི་ཕུགས་བསམ་སྟེ། ཇི་སྲིད་བར་དུ་ང་རྒྱུ་འབྲས་དང་དྲང་བདེན་གྱི་ཕྱོགས་སུ་ལངས་ཏེ་གནམ་འོག་གི་འཚོ་བར་མཁོ་བའི་འོད་སྣང་དེ་འཚོལ་ངེས།ཟི་ལིང་།