ས་སྲོད་འདིར་ཕ་ཡུལ་དྲན་པ།

ཁ་བ་ན་རོ།        2020-12-21

ཉི་འོད་མར་མེ་བཞིན་འཚེར་བའི་ས་སྲོད་འདི་ལ་ངའི་བསམ་གཞིག་རྒྱང་རིང་གི་སྤྲིན་པས་བསྒུལ་སོང་ལ། ངའི་སེམས་པ་བསིལ་འཇམ་གྱི་རླུང་བུས་བརྟོལ་སོང་། དེ་དུས། ཕ་ཡུལ་ཞེས་ལྗིད་ཏིག་གེར་ཉལ་བའི་ཐ་སྙད་དྲོན་མོ་ཞིག་ངག་ནས་གླེང་བཞིན་སེམས་ནས་དྲན་བཞིན་ལག་སྙོབ་ཅིག་མི་བྱེད་ག་མེད་རེད། ཕ་ཡུལ་ཨ། མཚམས་རེར་དྲན་གདུང་གི་རྨ་ཁ་གསོ་བའི་ཞིམ་མངར་གྱི་བདུད་རྩི་ཡིན་ལ། སྐབས་རེར་གྱེས་གདུང་གི་ན་ཟུག་སློང་བའི་སྐྱོ་ཤུར་ཤུར་གྱི་མིག་ཆུ་ཡིན་ཨང་། གང་ལྟར། ཁྱེད་ནི་ངའི་དྲན་པའི་རླབས་ངོགས་ན་བཀྲག་མདངས་ངང་འཚེར་བའི་ལྷད་མེད་ཀྱི་ལོག་མལ་དེ་ཡིན།

ཕ་ཡུལ་ནི་རི་བོ་མཐོན་པོ་ཞིག་གི་ང་རྒྱལ་དང་རྩྭ་ཐང་གི་རྒྱན་ཆ་ཡིན་ལ། ཕ་ཡུལ་ནི་གཞིས་ཁྱིམ་ཞིག་གི་དྲོད་ཁོལ་དང་ཞི་འཇམ་གྱི་འཚོ་བ་ཡང་ཡིན།

ཕ་ཡུལ་སྟེ། ཆུང་དུས་ཀྱི་ངུ་ངག་དང་དགོད་སྒྲ་རི་ལུང་ཐང་གསུམ་ལ་བརྡལ་བའི་སྙིང་དབུས་ཀྱི་ཚང་མལ་དྲོན་མོ་ཞིག ཕ་ཡུལ་སྟེ། གཡང་དཀར་ལུག་གི་འབའ་སྒྲ་དང་རི་གླུ་སིང་སིང་གི་ཡུལ་གྲུ་ཞིག ད་དུང་ལྗང་ནེམ་ནེམ་གྱི་སྤང་ལྗོངས་ཡངས་མོ་ཞིག ལྷིང་འཇགས་འཇགས་ཀྱི་རི་ལུང་གྱ་གྱུ་ཞིག འཇམ་བསིལ་བསིལ་གྱི་གཙང་ཆབ་སྔོན་མོ་ཞིག ཕྲ་ལམ་ལམ་གྱི་མེ་ཏོག་ཚོམ་བུ་ཞིག ངའི་ཕྱི་མིག་གི་ཀློང་ནས་གཏོང་མ་ཐུབ་པའི་ཕ་ས་ཕ་ཡུལ། ཤེས་མེད་ཚོར་མེད་ཀྱི་སེམས་འགྱུ་ལྕི་མོ་ཞིག ང་སེམས་འགོག་མེད་ཀྱི་ཚོར་བ་རྣོན་པོ་ཞིག ནམ་ཡང་བརྗེད་མེད་ཀྱི་དྲན་ཤིང་རིང་མོ་ཞིག་ཀྱང་ཅི་ལ་མིན།

  • ལེ་ཚན་སྔོན་མ།:འཇིགས་སྣང་དང་རེ་སྨོན།
  • ལེ་ཚན་རྗེས་མ།:གཏམ་འཆལ་གྱིས་རང་སེམས་བརྗོད་པ།