མའོ་ཡོན་གྱིས་བརྩམས། གཡུ་ཆུང་ཡེ་རྡོར་གྱིས་བསྒྱུར། 2020-12-18
ངའི་བྱིས་དུས་ཀྱི་འཚོ་བའི་ཁྲོད། ང་ལ་ཆེས་གཏིང་ཟབ་པའི་བག་ཆགས་ཤིག་བཞག་པ་ནི་བཀྲེས་སྐོམ་དང་ཁེར་རྐྱང་གི་ཡིབ་དུ་འཇིགས་སྣང་ཞིག་ཡོད། དེས་ན་ང་ཚོའི་འཇིགས་སྣང་ནི་ཅི་ཞིག་ཡིན་པ་དང་། གང་ནས་བྱུང་བ། ནམ་དུ་ཡང་ཀྱལ་ཀའི་མཚར་གཏམ་ཞིག་དང་མཚུངས།
ངའི་སྐྱེས་ཡུལ་ནི་འགྲིམ་འགྲུལ་སྟབས་མི་བདེ་བའི་ཡུལ་སྡེ་ཞིག་ཡིན། ཕོ་ལོ་ཉེར་གཅིག་རྗེས་ད་གཟོད་ཡུལ་དེར་ཁ་གྱེས་པ་ཡིན། ང་ཚོའི་ཡུལ་དེ་ནས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་གཟོད་ཆུ་གློག་བྱུང་། ཆུ་གློག་མ་བྱུང་བའི་སྔ་རོལ་ཏུ། སྣུམ་སྒྲོན་དང་པྲ་སྒྲོན་ཁོ་ན་སྦར་ནས་འོད་འབྱིན་པ་ཡིན། པྲ་སྒྲོན་ནི་རྒྱས་སྤྲོས་དངོས་རྫས་ཤིག་ཡིན་ལ། ལོ་སར་ལྟ་བའི་དུས་ཆེན་ཁྱད་པར་ཅན་མ་གཏོགས་སྒྲོན་སྲོལ་མེད། དུས་རྒྱུན་སྣུམ་སྒྲོན་གཅིག་པུར་རེ་ནས་འཚོ་བ་རོལ།
དུས་ཡུན་ངེས་ཅན་ཞིག་ལ་ས་སྣུམ་གྱི་འཛིན་ཡིག་མཁོ་འདོན་བྱེད་དགོས་པས་མི་ཚད། རིན་གོང་ཡང་ལྡབ་ཀྱིས་ཆེན་པོར་གྱུར། དེའི་ཕྱིར་སྣུམ་སྒྲོན་ཡང་གང་འདོད་དུ་སྦར་མི་བྲ། ཟ་མ་ཟ་སྐབས་ཤིག་ལ། ངས་སྣུམ་སྒྲོན་དགོས་ཞེས་རེ་ཞུ་བཏོན་པ་ཡིན། ཨ་ཕྱི་ཁོང་ཁྲོ་ལངས་ནས་བཤད་རྒྱུར། གློག་མ་བསྒྲོན་ཚེ། ཁྱོད་ཀྱིས་ཟ་མ་སྣ་ཁུང་ནང་དུ་ཟ་སྲིད་དམ། དངོས་གནས་རེད་སེམས་བྱུང་།གློག་མ་བསྒྲོན་པའི་དབང་དུ་བཏང་ནའང་ང་ཚོའི་ཟ་མ་ཁ་ནང་དུ་ཟ་བ་ལས་སྣ་ཁུང་དུ་ཟ་མི་སྲིད།
ལོ་ཟླ་དེ་དག་གི་རིང་ལ། དགོང་མོ་སླེབས་ཐེངས་རེར། གྲོང་སྡེ་ནི་མུན་ནག་ཁོ་ནས་བཀླུབས་པའི་སྨག་ནག་ཅིག་ཡིན་ལ། ཐ་ན་ལག་པ་རྐྱོང་ཚེ་མཛུ་གུ་ལྔ་ཡང་མཐོང་མི་ཐུབ། མུན་ནག་གི་མཚན་རིང་དེ་སྐྱེལ་ཕྱིར། རྒན་རྒོན་ཚོས་བྱིས་པ་དག་ལ་འདྲེ་གདོན་སོགས་ཀྱི་གནའ་རབས་བཤད་ཅིང་། གནའ་རབས་འདི་དག་གི་ཁྲོད་ནས། ནགས་ཚལ་དང་སྲོག་ཆགས་ཡོད་ཚད་ནི་མི་ལས་གྱུར་བ་དང་། ཡང་ན་མིའི་བསམ་པ་ལ་ཚོད་འཛིན་ཐུབ་པའི་ནུས་པ་འབྱིན་མཁན་ཞིག་ཏུ་འདོད། རྒན་རྒོན་ཚོས་ཀྱང་དེ་ཇི་བཞིན་ཡིན་པར་བཤད་ལ། ང་ཚོས་ཡིད་ཆེས་དང་བདེན་པར་འཛིན།གནའ་རབས་འདི་དག་གིས་ང་ཚོར་འཇིགས་སྣང་སྐྱེས་སྲིད་ལ་དགའ་སྤྲོ་ཡང་སྐྱེར་བཅུག ཉན་གྱིན་ཉན་གྱིན་ཤིན་ཏུ་དངངས་མོད། ཡིན་ཡང་དངངས་སྐབས་དེ་ལས་ཀྱང་ཉན་འདོད་ཆེན་པོ་སྐྱེས།
ང་ནི་འདི་ལྟར་གདོན་འདྲེ་ལ་དངངས་མོད། འོན་ཏེ་གདོན་འདྲེ་ལ་ཐུག་མ་མྱོང་ཞིང་། གནོད་འཚེ་ཡང་བྱས་མྱོང་མེད། གཞོན་དུས་སུ། གདོན་འདྲེའི་འཇིགས་སྣང་ཁྲོད་ནས་ཡུད་ཙམ་ལ་རེ་སྒུག་བྱས་མྱོང་། དཔེར་ན་སྔོན་ཆད་ཅིག་ལ་ཝ་སྐྱེས་ནས་འགྱུར་བའི་མཛེས་མ་ཞིག་དང་འཕྲད་པའི་རེ་སྨོན་དང་། ཟླ་འོག་གི་གྱང་ཁ་ནས་གླུ་གཞས་ལེན་ཤེས་པའི་སྲོག་ཆགས་ཆུང་ཆུང་རྣམས་ཀྱང་མཐོང་ཨེ་ཐུབ་སྙམ་པའི་དྲན་པ་ཐེངས་མང་ཤར་མྱོང་། བགྲང་བྱ་དུ་མ་འདས་རྗེས། དོན་གྱིས་ང་ལ་ད་དུང་གནོད་འཚེ་བྱེད་མཁན་ནི་མི་རེད་ལ། འཇིགས་སྣང་སྐྱེར་བཅུག་མཁན་ཡང་མི་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ཡར་སྔོན་དུ། རྒྱ་ནག་ནི་གྲལ་རིམ་འཐབ་རྩོད་ཀྱིས་ཁེངས་བའི་རྒྱལ་ཁབ་ཅིག་ཡིན་ལ། གང་ལྟར་གྲོང་ཁྱེར་དང་གྲོང་སྡེ་གང་ཞིག་ཡིན་རུང་།རྟག་པར་མི་ཁ་ཤས་ཤིག་གིས་བག་མེད་ཚུལ་འཆལ་གྱི་རྒྱུ་རྐྱེན་གང་མང་ཞིག་གིས་ཅིག་ཤོས་ལ་གཉའ་གནོན་དང་བཙན་སྡོམ་བྱེད་ཀྱིན་ཡོད།
བྱིས་པ་ལ་ལ་ཞིག སྔོན་བྱོན་མེས་པོའི་འཚོ་བ་འབྱོར་ཕྱུག་ལྡན་ཕྱིར། སློབ་གསོའི་དབང་ཆ་རྩིས་མེད་དུ་བཏང་ལ། ཐ་ན་གྲོང་ཁྱེར་དུ་ཕྱིན་ནས་བག་ཕེབས་པའི་འཚོ་བར་དབང་ཆ་སྣེ་གཅིག་སྤྱད་ཐུབ་མེད། བྱིས་པ་འགའ་རེ་ནི། མེས་པོའི་འཚོ་བ་དབུལ་པོ་ཡིན་གཤིས། དབང་ཆ་དེ་དག་ལོངས་སུ་སྤྱད་ཐུབ་ཡོད། དེ་ཁོ་ན་ཉིད་ཡིན་ནའང་། འཇིགས་སྣང་སྐྱེ་མི་སྲིད་ཅིང་། འཇིགས་སྣང་སྐྱེ་དགོས་པ་ནི་མི་རེ་འགའ་དང་དེ་ཚོའི་བྱིས་པ་དག་ཡིན། མགོ་མཇུག་སློག་པའི་མི་དང་ཁོང་ཅག་གི་བྱིས་པ་ཚོར་སོ་ལྟ་དང་བརྙས་བཅོས་གཉའ་གནོན་བྱས་པ་དེ་ཡིན།
སྔོན་ཆད་ངའི་མེས་པོ་རྣམས་ཀྱང་འབྱོར་ཕྱུག་ཧ་ཅང་ལེགས་པོ་ཡིན། (འབྱོར་ཕྱུག་དེ་ནི། ས་ཞིང་བཅུ་ཁ་དང་བོང་བུ། རྨོན་གླང་ཁ་ཤས་ཙམ་ཡིན།) དེའི་ཕྱིར་སློབ་ཆུང་ལོ་རིམ་ལྔ་པར་འགྲིམས་རྗེས་ང་ཕྱིར་ཕུད་བཏང་། ཡུན་རིང་གི་ལོ་ཟླའི་ཁྲོད་ནས། ངས་རྒྱུན་པར་སྒོ་གསུམ་གྱི་སྤྱོད་པར་ཧ་ཅང་གཟབ་ནན་བྱས་དང་བྱེད་པ་ཡིན། ཐ་ན་ཚིག་གཅིག་བཤད་ཀྱང་ཧ་ཅང་གཟབ་ནན་བྱེད་སྲིད། རྒྱུ་མཚན་ཕ་མར་དཀའ་ཁག་ཕྲད་པར་དོགས། ངས་ཐེངས་གང་མང་ཞིག་ལ་སྡེ་བའི་གཞུང་ལས་ཁང་ནས་བརྒྱུད་པའི་ལས་བྱེད་པ་དང་ཁོང་ཚོའི་ཉེས་རྡུང་བྱེད་བཞིན་པའི་མི་བུ་དེ་ཚོའི་ཡིད་སྐྱོ་བའི་སྐད་སྒྲ་ཐོས་དུས། འཇིགས་སྣང་ཞེ་དྲགས་སྐྱེས། འཇིགས་སྣང་འདི་ནི་གདོན་འདྲེ་ལས་བསྐྱེད་པའི་འཇིགས་སྣང་ལས་ཀྱང་ཚབས་ཆེན་ཞིག་ཏུ་སྣང་། སྐབས་དེར་ཨ་མས་ང་ལ་གདམས་པའི་སྐད་ཆའི་དོན་དེས་མཐིལ་རྟོགས་བྱུང་། འཛམ་གླིང་ཐོག་གི་གཅན་གཟན་དང་གདོན་འདྲེ་ནི་མི་ལས་ཀྱང་དངངས་པའི་གོ་བ་ཞིག་ཏུ་ལེན་མྱོང་། ཡིན་ཡང་ང་ལ་གོ་རྟོགས་ཤིག་བྱུང་བ་ནི། འཇིག་རྟེན་ཐོག་གི་གཅན་གཟན་དང་གདོན་འདྲེ་ཇི་ལྟར་སྡུག་ཀྱང་། ཤེས་རིག་དབེན་པ་དང་དྲན་པ་འཐོར་བའི་མི་ལས་བཟང་བར་ངེས། སྤྱིར་འཛམ་གླིང་ཐོག་ཏུ་སྟག་དང་སྤྱང་ཀིས་མི་ལ་གནོད་འཚེ་བཏང་བ་ཡོད་ལ། མ་ཟད་གདོན་འདྲེ་ཡིས་མི་ལ་གནོད་བཟོས་པའི་ངག་རྒྱུན་ཡང་ཡོད་མོད། འོན་ཀྱང་ཁྲི་ཁྲི་འབུམ་འབུམ་གྱི་རྐྱེན་ལམ་དུ་རྫོང་མཁན་མི་ཡིན་ལ།མནར་གཅོད་ཁྲི་མ་འབུམ་གཏོང་མཁན་ཡང་མི་ཡིན། འདི་འདྲའི་གདུག་རྩུབ་ཀྱི་སྤྱོད་པས་སྤྱི་ཚོགས་ལ་གནང་བའི་ལེགས་སྐྱེས་ནི་ནད་རྟགས་ཤིག་ལས་མ་འདས།
རིག་གསར་དང་མཚུངས་པའི་མུན་ནག་གི་དུས་རབས་དེ་བརྒལ་ཟིན་ལ། གྲལ་རིམ་འཐབ་རྩོད་ཀྱང་མཚམས་འཇོག་བྱས་ཟིན། འོན་ཀྱང་དུས་རབས་དེ་ལྟ་བུ་ལས་བྱུང་བའི་རང་ལ་མཚོན་ན། ད་དུང་འཇིགས་སྣང་ལྷག་མ་ཞིག་འདུག དེ་བཞིན་ང་ཡུལ་ཏུ་འབྱོར་ཐེངས་རེར། དེ་སྔོན་ཁྲིམས་མེད་ལུགས་མེད་བྱས་པའི་མི་དག་དང་ཕྲད་སྐབས་ཁོང་ཚོས་གདོང་འཛུམ་གྱིས་བསུ་མ་བྱས་ལ།ངས་ཀྱང་དེ་བཞིན་འཛུམ་དམུལ་དང་མགོ་བསྒུར་ནས་གུས་པ་བྱས་མོད། ཡིན་ནའང་སེམས་པ་འཇིགས་སྣང་གིས་ཁེངས་འདུག སྔོན་ཉེས་རྡུང་བྱས་པའི་མི་དེ་ཚོའི་ཁང་མིག་མཐོང་སྐབས།འཇིགས་སྣང་གིས་འདར་སིག་སིག་བྱས་བྱུང་། ཁང་མིག་དེ་དག་ཞིག་རལ་དང་ཉིལ་རྡུབ་བྱས་ཟིན་ནའང་། སེམས་ཀྱི་དངངས་པ་གྲོལ་མ་ཐུབ། དཔེར་ན་རྡོ་ཟམ་ཆུང་ངུའི་ཐོག་གདོན་འདྲེ་མེད་པ་ཤེས་ཀྱང་། དེར་བརྒྱུགས་ཏེ་ངུ་སྐད་རྒྱག་པ་དང་གཅིག་མཚུངས་རེད།
འདས་སོང་ལ་ཕྱིར་མིག་ཅིག་འཕངས་ཚེ། ང་ནི་ཏན་ཏན་ལྟོགས་སྐོམ་དང་ཁེར་རྐྱང་། འཇིགས་སྣང་གི་ཁྲོད་ནས་ནར་སོན་ཡིན་པ་ཚོར། ངས་དཀའ་སྡུག་མང་པོ་ཞིག་ལ་བཟོད་བསྲན་བརྒྱུད་ནས་ཡོང་བ་ཡིན་ལ། ད་དུང་འདོད་ཧམ་གྱིས་སྨྱོ་བ་དང་ངན་རུལ་སོགས་གང་ཡང་བཏང་མེད་པར་མ་ཟད། ཀུན་གྱིས་གུས་བཀུར་ཐོབ་ཡུལ་གྱི་རྩོམ་པ་པོ་ཞིག་ཏུ་གྱུར། དོན་དམ་པར་གང་གིས་འདེགས་སྐྱོར་ལས་ངའི་དུས་ཡུན་རིང་བའི་མུན་ནག་གི་ལོ་ཟླ་བསྐྱལ་བ་ཡིན་ནམ་ཞེ་ན། དེ་ནི་རེ་སྨོན་ཡིན།
འབྱུང་འགྱུར་གྱི་དུས་རབས་ཁྲོད་ངའི་རེ་སྨོན་ཉག་གཅིག་ནི། མི་ངན་གྱིས་གཙེས་པའི་འཇིགས་སྣང་གི་ལས་དེ་ཇེ་ཉུང་དུ་འགྱུར་བའི་སྨོན་ལམ་ཡིན་ལ། རེད་དེ་གདོན་འདྲེའི་གནའ་རབས་དང་གཏམ་རྒྱུད་ལས་བཟོས་པའི་འཇིགས་སྣང་དེ་རྩ་གཏོར་མ་བྱེད་ན་འགྲིག་པར་སེམས། རྒྱུ་མཚན་གདོན་འདྲེའི་གནའ་རབས་དང་གཏམ་རྒྱུད་ཀྱིས་མཐའ་མི་ཆོད་པའི་འཇིག་རྟེན་ལ་གུས་ཤིང་སྐྲག་པ་དང་མཛེས་སྡུག་གི་འཚོ་བར་རེ་སྨོན་གྱིས་འདེབས་སྲིད་ལ། ད་དུང་རྩོམ་རིག་དང་སྒྱུ་རྩལ་ལ་ས་བོན་ཡང་འདེབས་སྲིད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10