གཏམ་འཆལ་གྱིས་རང་སེམས་བརྗོད་པ།

གཡུ་ཆུང་ཡེ་རྡོར་གྱིས་བསྒྱུར།        2020-12-23

ངས་དྲང་བདེན་སྣང་མེད་དུ་བྱེད། དངོས་ཡོད་ལ་ཁྱད་དུ་གསོད། ངས་ཁུ་སིམ་པོའི་ངང་མི་བུ་ཞིག་རྦད་དེ་བརླགས་ཐུབ། དེ་མཚུངས་ཡིད་ལ་གས་སྲུབས་དང་། ཚེ་སྲོག་རྩ་མེད་དུའང་གཏོང་ནུས། ང་ནི་གཡོ་སྒྱུ་ཅན་དང་། དུག་ནག་ཅན་ཞིག་ཡིན། ངའི་ནུས་ཤུགས་ལོ་ཚོད་དང་བསྟུན་ཏེ་ཇེ་ལེགས་དང་ཇེ་རྒྱས་སུ་ཕྱིན་གྱིན་ཡོད།

མི་ཚོགས་ཀྱིས་ང་བཀོལ་སྤྱོད་ཇི་ལྟར་མང་ན། ང་ལ་ཡིད་རྟོན་དེ་ལྟར་དུ་བྱེད་དར། སྤྱི་ཚོགས་ཀྱི་སྐས་ཐེམ་སོ་སོ་རུ་ངའི་གསོན་ཉམས་དོད་པོ་གསལ་ལ། འཚོ་བའི་སྣེ་ཟུར་རེ་རེ་ན་ཡང་ངའི་གྲིབ་གཟུགས་ཀྱིས་ཁེངས་ཡོད། གནོད་འཚེ་ཐེབས་མཁན་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་འདུག ཁོང་ཚོ་ངའི་གནོད་འཚེ་ལས་བྱོལ་ནས་རང་ཉིད་སྲུང་སྐྱོབ་མི་ནུས་སྟེ། ང་ལ་མིང་མེད་པར་མ་ཟད། བྱད་གཟུགས་ལའང་འགྱུར་ལྡོག་ཆེན་པོ་ཡོད་པས་སོ།།

ངའི་རྗེས་སྙེག་འདོད་པ་ནི་ཏན་ཏན་མི་སྲིད་པ་ཞིག་སྟེ། ཁྱོད་ཀྱིས་ཧུར་ཐག་གིས་བདག་གི་རྗེས་སྙེག་ཚད་མེད་བྱས་ཀྱང་། ང་ནི་དེ་ལྟར་ངེས་མེད་དུ་ཡིབ་སྲིད། ང་ལ་གྲོགས་པོ་མེད། ཁེར་འགྲོ་ཁེར་འོང་བྱེད། ནམ་ཉི་མ་ཞིག་ལ། ངའི་སྐད་གྲགས་ཉམས་དམས་སུ་འགྱུར་དུས། འཕྲལ་དུ་ངའི་ཕྱི་ཚུལ་ལའང་འགྱུར་བ་གཏོང་ངེས།

ངས་རྟག་པར་སྲིད་གཞུང་རྩ་སློག་དང་། བཟའ་ཟླ་ཁ་གཏོར་བྱེད་པའི་བྱ་ངན་དག་བསྒྲུབས་པ་ཡིན།

ལ་ལ་ཞིག ངའི་རྐྱེན་གྱིས་ལས་ཀ་ཤོར་ནས་མཚན་གང་བོར་གཉིད་མི་ཁུག

ལ་ལ་ཞིག ངའི་རྐྱེན་གྱིས་བཟའ་བཏུང་གི་ཡི་ག་ཆད་ནས་བློ་བདེ་བག་ཕེབས་ངང་གནས་མི་ཐུབ། དོགས་སློང་ནི་ངའི་དབང་གིས་བྱུང་ལ། སེམས་སྡུག་ནི་བདག་གིས་བསྩལ། བདག་གི་རྐྱེན་གྱིས། ཉེས་མེད་ཚུལ་ལྡན་གྱི་མི་བུ་ཚོའི་ངོ་གདོང་རིད་ཅིང་བྱད་གཟུགས་ཉམས། མགོ་བོ་སྐྱོར་ཅིང་ངུ་སྐད་འདོན། དོན་དམ་པར། ང་ནི་ཕྱོགས་ལས་རྣམ་པར་རྒྱལ་བ་ཞིག་མ་ཡིན་པས་ང་རང་ཕམ་པར་བྱེད་འདོད་ན། ཤིན་ཏུ་ལས་སླ་མོ་ཞིག་སྟེ། རྒྱང་བཀྱེད་ཁོ་ན་བྱེད་ཅིང་། ཁྲེལ་དགོད་ཙམ་ལས་སྣང་མེད་དུ་བཞག་ན་དེ་ཡིས་འཚེངས།

ང་སུ་རེད། མི་རྣམས་ཀྱིས་ང་ལ་གཏམ་འཆལ་ཞེས་འབོད།

  • ལེ་ཚན་སྔོན་མ།:ས་སྲོད་འདིར་ཕ་ཡུལ་དྲན་པ།
  • ལེ་ཚན་རྗེས་མ།:ཚེ་རིང་སྒྲོལ་དཀར།