སེམས་ཁྲལ་ལྷག་མ་ཞིག་མཆེད་སོང་།

འབྲོག་གཡུ།        2020-11-16

ང་རང་ལྷོད་ལ་བབས་ཏེ་ན་བུན་གྱིས་གཡོག་བཞིན་པའི་ལོ་རྒྱུས་ཀྱི་རི་ཀླུང་ལ་ཕྱིར་མིག་འཕེན་དུས།དུས་བཞིའི་འགྱུར་བག་གི་ཁྲོད་དུ་ང་ལ་སྔར་མེད་ཀྱི་ཚོར་བ་ཞིག་ངང་གིས་བསྐྱེད།བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དེའི་ངོ་བོ་འགྱུར་ཟིན།དེ་ནི་ཧ་ཅང་ཡིད་མི་ཆེས་པའི་སྐྱོ་གཏམ་ཞིག་ཏུ་གྱུར་འདུག རྒྱུ་མཚན། གནས་འདི་ག་ནས་ངས་ཁྱོད་ཀྱིས་ངུ་སྐྱེན་པའི་ངོ་གདོང་དེ་མཐོང་དུས། རང་དབང་མེད་པར་ཡོད་ཚད་ཨུ་ཚུགས་ཀྱིས་མཐའ་འཁྱོལ་ན་འདོད།

ཉིན་འགའི་སྔོན་ལ།ངས་དངོས་བྱུང་གི་གཏམ་རྒྱུད་ཅིག་ཐོས།ཡུལ་མི་ཚོས་ཟེར་ན།འུ་ཅག་གི་གྲོང་ཚོའི་ཉེ་འགྲམ་ན།སྔར་ཁྱིམ་ཚང་སྐྱིད་པོ་ཞིག་ཡོད་པ་རེད་ཟེར་།ཟླ་བ་འགའི་སྔོན་ཁྱོ་ཤུག་གཉིས་བཟའ་འཐོར་བྱས་སོང་ལ།ཁོ་གཉིས་ལ་ལོ་བཅོ་བརྒྱད་ཡས་མས་ལོན་ཟིན་པའི་བུ་མོ་ཞིག་ཡོད་པ་དེ་ཕ་རྒན་གྱི་བགོ་སྐལ་དུ་ཐེམ།བཟའ་འཐོར་བྱས་རྗེས། བུ་མོ་དེར་ནད་ཅིག་ཕོག་འདུག་ནའང་།ནད་ཅི་ཞིག་ཡིན་པ་སྨན་པས་ཀྱང་ཁ་གསལ་པོ་ཞིག་བཤད་རྒྱུ་མི་འདུག་པས། འདི་ལྟར། ཟླ་འགའ་འགོར་ན་འང་བུ་མོའི་ནད་གཞི་ཇེ་ལྕི་དང་ཇེ་ལྕི་རུ་གྱུར། ཉིན་ཞིག་བུ་མོས་ཕ་རྒན་ལ“ཨ་ཕ།དེ་རིང་ཡང་ནད་གཞི་ཇེ་ཐུ་རུ་གྱུར་འདུག དེ་རིང་ནས་ཁྱེད་ཀྱིས་སྨན་དང་སྨན་ཁང་གང་ཡང་བརྗེ་མི་དགོས། ངས་ཁྱེད་ལ་རེ་བ་ཞིག་བཅོལ། དེ་ནི་ཁྱེད་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ཨེ་འགྲུབ་ཞིག་བལྟ་རོགས། ”ཞེས་ཟེར། ཕ་རྒན་གྱིས་མོའི་ཐལ་མདོག་གི་ངོ་གདོང་ལ་ལྟ་བཞིན་ཁས་བླངས། ཡང་བུ་མོས་སྐད་མགོ་དམའ་མོའི་“ངས་རེ་བ་དེ་ནི་ཁྱེད་ཀྱིས་མགྱོགས་མྱུར་ངང་ཨ་མ་མར་ཁྲིད་ནས་ཁྱེད་གཉིས་ཀྱིས་ངའི་མཐོང་ས་ནས་མཉམ་པོར་ཇ་ཞིག་འཐུངས་དང་། ང་ལ་དེ་ལས་རེ་བ་ཆེ་ཞིག་མེད། ” ཅེས་བཤད།དེ་ནི་བུ་མོའི་ཆེས་མཐའ་མཇུག་གི་ཁ་ཆེམས་ཡིན་པ་སུ་ཞིག་གིས་རྟོགས། སྙིང་རྗེ་ཞིང་ཉམ་ཐག་པའི་བུ་མོ་དེས།གནས་སྐབས་ཀྱི་བདེ་སྐྱིད་དེ་རོལ་ནས་མི་ཚེའི་མཐའ་མཇུག་ལ་གྱེས་ཕྱག་ཞུས། ངའི་སེམས་སུ་མོ་སེམས་སྡུག་གིས་ཤི་བ་ཡིན་ནམ་སྙམ།

དེའི་རྐྱེན་གྱིས།ནུ་བོ་ལགས།ཉིན་འདི་དག་གི་རིང་ལ། ང་ནམ་རྒྱུན་ཁྱོད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སེམས་ཁྲལ་ཡོང་གི ངའི་དྲན་ངོགས་ཀྱི་ཁྱོད་ནི་སྐད་ཆ་མི་བཤད་པའི་འཇིམ་སྐུ་ཞིག་དང་འདྲ་བར་བུད་སོང་བའི་ཨ་མའི་རྒྱབ་གཟུགས་ལ་ཅེར་ནས་ཅི་ཞིག་དྲན་གྱིན་ཡོད་པ་འདྲ། མི་སུ་ཞིག་ཡིན་རུང་རང་གི་ཨ་མར་བརྩི་བཀུར་ལྷག་མ་ཞིག་ཡོད་སྲིད།དེ་བས།ངའི་སེམས་ནང་གི་ཨ་མ་ནི་དོན་དག་ཆེ་མ་ཆུང་གསུམ་གང་ལ་ཡང་ཞིབ་ཚགས་ལྡན་ཞིང་གཞུང་དྲང་ལ་རྒྱ་ཅན་ཞིག་ཡིན།དེ་ཕྱོགས་ནས་ཁྱོད་ལའང་བརྗོད་སྟངས་ཤིག་ཡོད་པས།ཁྱོད་ཀྱིས་རང་གི་ཨ་མར་ལེ་འདེད་མི་བྱེད་པར་འཚལ།རྒྱུ་མཚན།མོས་བསྒྲུབས་པའི་བྱ་བ་འདིས་ཁྱོད་ཀྱི་ཡིད་ཀྱི་གཙང་པོ་རུ་སྡུག་བསྔལ་གྱི་ན་ཟུག་ཅིག་བཞག་ཡོད་ཀྱང་།བཟོད་སྒོམ་གནང་རོགས།ནོར་འཁྲུལ་འདིས་མོ་རང་གི་སེམས་ནང་དུའང་སོས་ཐབས་དཀའ་བའི་རྨ་ཁ་ཞིག་བཞག་ཡོད་སྲིད།འདི་དག་ཡོད་ཚད།ཁྱོད་དགའ་དྲགས་དུས་བདེ་སྐྱིད་ཀྱི་གཞུག་ན་སྐྱོ་སྡུག་གི་མིག་ཆུ་ཡོད་ངེས་པའི་ཉེན་བརྡ་ཞིག་ཡིན་ཡང་སྲིད།

ནུ་བོ་ལགས།འབྱུང་འགྱུར་གྱི་ཉིན་མོ་ཞིག་ལ། ཁྱོད་ཀྱི་ཁེར་རྐྱང་གི་སེམས་པ་དེ་ང་ཡི་བདེ་སྐྱིད་དང་འགྲོགས་ནས་མི་ཚེའི་འདུན་ལམ་འཚོལ་ཐུབ་པར་སྨོན།།

  • ལེ་ཚན་སྔོན་མ།:སྦྲ་ནག ངའི་མེས་པོའི་གཞིས་ཁྱིམ།
  • ལེ་ཚན་རྗེས་མ།:དྲིན་ལ་དྲིན་ལན་གཟོ་བ།