སྦྲ་ནག ངའི་མེས་པོའི་གཞིས་ཁྱིམ།

རིག་འཛིན་ལྷ་མོ།        2020-11-16

མཐོ་སྒང་གི་ཡུལ་གྲུ་ཞིག་ན། ཁ་བ་དང་བུ་ཡུག ཙག་དང་སེར་བ་ལ་གདོང་གཏད་དེ། སྤང་ལྗོངས་སྔོན་མོ་ཡི་དཀྱིལ་དབུས་ན། རུས་སྦལ་གྱི་དབྱིབས་གཟུགས་སུ་བརྟན་པོར་གནས་ཡོད་པ་སྟེ། སྦྲ་ནག ངའི་མེས་པོའི་གཞིས་ཁྱིམ།

བོད་བཙན་པོའི་གདུང་རྒྱུད་མགོ་བཙུགས་པ་ནས་བཟུང་།སྦྲ་ནག་ནི་སྐབས་དེའི་བོད་མི་ཚོའི་ཆེན་ཐོག་མའི་གཞིས་ཁྱིམ་ཡིན་ལ། མི་རབས་དུ་མའི་འཚོ་བའི་རྟེན་གཞི་འང་ཡིན། ཁོ་ཚོས་རང་གི་བློ་དང་རིག་པ་ལ་བརྟེན་ནས། ནོར་ནག་གི་རྩིད་པ་འཁལ་ཞིང་སྦྲ་ནག་བཟོས་ལ། དེའི་དྲོད་ཁོལ་ནི་ང་ཚོ་བོད་མི་ཡོངས་ཀྱི་ཟུངས་ཁྲག་གི་བཞུར་རྒྱུན་དང་མཚུངས་པས། བོད་མིའི་འབྱུང་ཁུངས་དང་མཚོན་རྟགས་ཀྱང་ཡིན།

གནའ་དུས་སུ་ཁྱེད་ཀྱི་པང་ཁུག་ནས་བཙན་པོ་ཡི་གདུང་རྒྱུད་རེ་རེ་འཁྲུངས་མྱོང་ལ། དེ་ཚོས་ཁྱེད་ཀྱི་དྲོད་ཁོལ་ལུས་ལ་སྦྱར་ཏེ་ནར་སོན་པས། བློ་རིག་དང་མཁྱེན་དཔྱོད་གློག་ལྟར་མྱུར་ཞིང་། དཔའ་སྤོབས་ཀྱི་རྦ་རླབས་དགུང་དུ་འཕྱོ་བཞིན་ཡོད།ད་དུང་ཁྱེད་ཀྱི་པང་ཁུག་ནས་སྐྱེས་རྒྱུད་ཅན་གྱི་བླ་སྤྲུལ་མང་བོ་འཁྲུངས་ཡོད་པས། ཁོ་ཚོས་ཁྱོད་ཀྱི་བསིལ་གྲིབ་ལ་རོལ་ནས་ཤེས་རབ་ཀྱི་མཁྱེན་རྒྱ་མཁའ་ལས་ཡངས་ཤིང་། གསུང་རྩོམ་གྱི་པོ་ཏི་རི་རབ་བཞིན་བརྩེགས་ཡོད། ཁྱེད་ཀྱི་ནུ་ཞོ་ཡིས་གསོས་པའི་དཔའ་ངར་ཞུམ་མེད་གྱི་སྟག་ཤར་གཞོན་ནུ་འགའ་ཡིས། ཁྱེད་ཀྱི་མཐའ་འཁོར་ན་རྣོ་དབལ་གྱི་རལ་གྲི་མཁའ་ལ་ཕྱར་ནས། ནམ་ཡང་གདུག་རྩུབ་ཀྱི་གཅན་གཟན་གཏུམ་པོར་ཁྱོད་ལ་འཚེ་རུ་མི་འཇུག ཁྱོད་ནི་ང་ཚོའི་རླབས་ཆེན་གྱི་མ་ཡུམ་དེ་ཡིན་པ། སེམས་པའི་མཐིལ་དང་། སྙིང་གི་དཀྱིལ་དུ་གསལ་བོར་ངེས་ཡོད། སྦྲ་ནག་ལགས།

སྦྲ་ནག་ལགས། ཁྱོད་ཀྱི་མཐའ་འཁོར་རྟ་ནོར་ལུག་གིས་ཁེངས་ལ། ཁྱེད་ཀྱི་སྒོ་འགྲམ་དོམ་ནག་ཁྱི་ཡིས་བཟུང་། ཁྱོད་ཀྱི་ཁུགས་སོ་རེ་རེ་ན་དྲིན་ཆེན་ཕ་མའི་ཁ་ཏ་ཡོད་ལ། གཞིས་ཁྱིམ་དྲོན་མོའི་དགོད་སྒྲ་ཡོད། ཁྱོད་ཀྱི་མཐའ་འཁོར་ན་ང་དང་འདྲ་བའི་འབྲོག་མོ་དཀྱུས་མ་དག་གི་ལང་ཚོའི་མྱུ་གུ་འབུས་ལ། ཁོ་དང་ཁོ་ལྟ་བུའི་གསར་བུ་སྣང་སྐྱིད་འགའ་ཡི་ཆུང་དུས་ཀྱི་རྩེད་རའང་ཡིན། ང་ཚོས་ཁྱོད་ཀྱི་ནུ་ཞོ་འཐུངས་ནས་མེས་པོ་ཚོའི་རྒྱུད་འཛིན་བྱེད་དགོས།

མ་འོངས་པར། དཔའ་མཛངས་ཀྱི་རལ་གྲི་ཐོགས་པའི་སྟག་ཤར་ཁྱུ་གཅིག་དང་། རིག་གནས་ཀྱི་མགོ་དཀྲིས་དབུ་ལ་དཀྲིས་པའི་སྨན་ཤར་ཚོ་གཅིག་གིས་རྒྱང་རིང་ནས་ཁྱོད་ལ་མིག་བལྟས་བྱས་ཤིང་། ཁྱེད་གྱི་འབྱུང་འགྱུར་གྱི་ཆེད་དུ་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕག་གིས་བསྐུལ་ནས། དུང་སེམས་ཀྱི་མེ་ལྕེ་དགུང་དུ་འཕྱོ།

སྦྲ་ནག ངའི་མེས་པོ་ཡི་གཞིས་ཁྱིམ་དྲོན་མོ།།

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་མཛེས་ལྗོངས།
  • ལེ་ཚན་རྗེས་མ།:སེམས་ཁྲལ་ལྷག་མ་ཞིག་མཆེད་སོང་།