ཕ་ཡུལ་གྱི་མཛེས་ལྗོངས།

པད་ཆོས།        2020-11-16

ལྟ་ན་སྡུག་པའི་ཕ་ཡུལ་གྱི་མཛེས་ལྗོངས་འདི་ནི་ངོ་མཚར་ཁྱད་དུ་འཕགས་པའི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཡིན་ལ། ང་ཚོར་གནང་བའི་ཕ་གཞིས་དྲོན་མོ་དེའང་ཡིན།

ཕ་ཡུལ་གྱི་མཛེས་སྡུག་དེ་ནམ་རྒྱུན་སེམས་སུ་རྡོ་བརྐོས་རི་མོ་བཞིན་ཤར་འོང་། དེ་བས་ཀྱང་ཕ་ཡུལ་ལ་རྩྭ་ཆུ་གཉིས་འཛོམས་ལོངས་སུ་སྤྱོད་པའི་རྟ་ནོར་ལུག་གསུམ། རྩྭ་ཐང་དུ་བག་ཕེབས་དང་མཆོང་ལྡིང་གི་རྩེད་འཇོའི་ཀློང་དུ་གནས་འདུག ཕ་ཡུལ་གྱི་མཛེས་ལྗོངས་ཀྱི་ཁྱེད་ལ་ཕར་བལྟས་མ་ཐག་བདེ་ཞིང་སྐྱིད་པའི་སྤྲོ་སྣང་ཞིག་སྟེར་ངེས། ད་དུང་ཤག་ཤག་ཏུ་བཞུར་བའི་ཆུ་བོས་གསུང་སྙན་སྒྲོག་བཞིན་ཕ་ཡུལ་གྱི་སྒེག་ཉམས་ལ་བསུ་མ་བྱེད་བཞིན་ཡོད། སྤང་ཐང་གི་མཐའ་འཁོར་དུ་ཁ་མདོག་རྣམ་པར་བཀྲ་བའི་མེ་ཏོག་གི་རྒྱན་ཆ་སྤྲས། སྟོད་ན་བརྗིད་ཆགས་གངས་རི་མཐོན་པོས་ངར་སྒྲའི་གཡུ་རལ་ངོམས་པ། སྐེད་ན་ཚང་ཚིང་དུ་འཁྲིགས་པའི་ལྗོན་ཤིང་གི་ཚོགས་ཀྱི་ལོ་འདབ་ཐུར་དུ་དཔྱངས་པ། སྨད་ན་མུ་མཐའ་བྲལ་བའི་རྩྭ་ཐང་དུ་སྔོ་བསངས་བུ་མོ་ཐང་དུ་བབས་འདྲའི་རྩྭ་སྔོན་གྱི་མཛེས་ཉམས་སྟོན་པའི་ཞོར་དུ། རྟ་ནོར་ལུག་གསུམ་བག་ཡངས་སུ་རི་ལ་ཉུལ་བ་ནི་ནམ་མཁའི་སྐར་ཚོགས་ས་ལ་གཏོར་འདྲ།འདི་ནི་བདག་གི་ཕ་ཡུལ་གྱི་མཛེས་སྡུག་དང་གཟི་དཔལ་འབར་བའི་ངོ་མཚར་གྱི་ཁྱད་ཆོས་ཡིན་ནོ།།

ངའི་ཕ་ཡུལ་དུ་དུས་བཞི་རེས་མོ་འཁོར་ནས་རང་གི་ལེགས་ཆ་ངོམ་སར་འོངས། དེ་དག་ལ་རང་སོ་སོའི་ཁྱད་ཆོས་དང་འགྱུར་ལྡོག་གིས་ཀུན་ནས་ཕྱུག

དཔྱིད་ཀ་སླེབས་པ་ན། སྔོ་ཞིང་བསངས་པའི་ནམ་མཁའ་རུ་སྤྲིན་ཚོགས་ཅི་ཡང་མེད་པར་གཡའ་དག་ལ། ནོར་བུའི་སྒྲོན་མེ་ཤར་ཕྱོགས་ཀྱི་རི་བོའི་རྩེ་ནས་འཛུམ་མདངས་ཀྱི་ཞལ་རས་ངོམས་ནས། རྩྭ་དང་རྩི་ཤིང་།རྟ་ནོར་ལུག་གསུམ་སྐྱེ་དགུ་ཡོད་དོ་ཅོག་ལ་རེ་བ་དང་གསོན་ཤུགས་སྦྱིན། རྩྭ་ཡི་མྱུ་གུ་འབུས་ནས་རི་ཀློང་ཐང་གསུམ་ལ་མཛེས་པ་སྤུད་པའི་དཔྱིད་ཀའི་ལང་ཚོ་ངོམ་པར་མ་ཟད། རེ་སྒུག་བྱས་པའི་ཞིང་ས་སྐམ་པོར་ས་བོན་འབུས་པའི་དཔལ་ཡོན་སླེབས་སོང་། ལང་ཚོའི་གསོན་ཤུགས་དྲག་ཏུ་ལྡང་བའི་དུས་ཚིགས་འདིར་སྐྱེ་བོ་ཐམས་ཅད་ལ་དཔྱིད་ཀྱི་ཕོ་ཉའི་གསུང་སྙན་སྒྲོག་པའི་རོལ་དབྱངས་དང་ཀི་སྒྲ་ཡོད།

ཚ་གདུག་ཆེ་བའི་དབྱར་ཁ་སླེབས་པ་ན། འབྲོག་སྡེ་ཕྱུག་མོ་རྣམས་སྦྲ་ནག་གྲུ་བཞི་རུ་ཆར་ཆུའི་ནང་དུ་འཚོ་བ་རོལ་གྱི་ཡོད། རྟག་ཏུ་རང་གིས་དཀའ་བ་དང་ངལ་རྩོལ་ལ་བརྟེན་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཞོར་རྫི་གླུ་སྙན་མོ་དབྱངས་སུ་བཀུག་ནས་ཕ་ཡུལ་གྱི་མཛེས་ལྗོངས་ལ་རོ་མྱོང་བྱེད་བཞིན་མཆིས།

གྲང་ངར་དང་ཙག་རླུང་གི་དགུན་ཟླ་རིང་མོ་སླེབས་དུས། ཁ་བ་ལྷབ་ལྷབ་ཀྱིས་ས་གཞི་ཡོངས་རྫོགས་དར་དཀར་གྱི་གོས་ཆེན་བཀླུབས་ནས། སྡོང་བོའི་ལོ་མ་བསྐམས་ནས་ཀུམ་ཀུམ་བྱས་པ་ཅི་འདྲའི་སྙིང་ལ་རྗེ་མོ་ཞིག་རེད་ཨང་།

སེར་ལམ་ལམ་གྱི་སྟོན་ཟླ་སླེབས་རྗེས། རླུང་བུ་འཇམ་པོས་ལོ་མ་དང་མེ་ཏོག་གི་ཟེའུ་འབྲུ་རྣམས་ཁྱེར་ནས་ལྷོ་ལ་བཞུད་པའི་ཉམས་འདི་ཅི་འདྲ་མཛེས་པ་ལ།

ཕ་ཡུལ་གྱི་མཛེས་ལྗོངས་དེ་ནམ་ཡང་མིག་ལམ་ནས་ཡལ་མི་སྲིད་ལ། ང་རང་ལྷག་ཏུ་མཛེས་སྡུག་ཁྱད་དུ་འཕགས་པའི་ཕ་ཡུལ་ལ་དུངས་པ་ཟབ་མོ་སྐྱེས། གནས་དེ་ནི་རི་ལ་རི་དྭགས་དང་འདབ་ཆགས་འཁོར་ས། ས་རུ་འབྲུ་རིགས་སྨིན་ས། ཆུ་རུ་ཉ་མོ་འཁྱུག་ས། གངས་རི་ར་བས་བསྐོར་བའི་ཡུལ་མཆོག་དེའི་མཛེས་པ་ལ་ཡ་མཚར་བར་མ་ཟད། དྲི་མས་མ་གོས་པའི་དྭངས་གཙང་གི་མཁའ་དབུགས་ཀྱིས་ཁྱེད་ལ་དྲོད་ཁོལ་གྱི་མལ་གནས་སྦྱིན་ངེས།།

  • ལེ་ཚན་སྔོན་མ།:ང་དང་ངའི་ཉིས་སྟོང་བཅུ་དགུ།
  • ལེ་ཚན་རྗེས་མ།:སྦྲ་ནག ངའི་མེས་པོའི་གཞིས་ཁྱིམ།