དྲིན་ལ་དྲིན་ལན་གཟོ་བ།

སངས་མཚོ།        2020-11-16

ཕ་མས་བུ་ཕྲུག་ལ་བྱམས་ཤིང་བརྩེ་བ་ནི་ལྷན་སྐྱེས་ཀྱི་རང་གཤིས་ཡིན་ལ། བུ་ཕྲུག་གིས་ཕ་མར་དྲིན་ལན་འཇལ་བ་དང་བཀའ་དྲིན་རྗེས་སུ་དྲན་པ་ནི་བཟློག་མེད་ཀྱི་འོས་འགན་ཡིན།

རྒྱུན་པར་དྲིན་ཆེན་ཕ་མས་ང་ཚོར་ལྷད་མེད་ཀྱི་བརྩེ་བ་དང་འགོག་མེད་ཀྱི་སེམས་ཁྲལ་བྱེད་པ་ནི། ཡུལ་གྲུ་གང་ལ་སླེབས་ཀྱང་ང་ཚོ་དང་འབྲལ་མེད་ཀྱི་རིན་ཐང་ཡིན་པ་ང་ཚོའི་སེམས་སུ་དམ་པོར་བཅངས། ང་ཚོ་ནར་སོན་ནས་ལང་ཚོ་དར་ལ་བབས་ཀྱང་ཕ་མ་གཉིས་ཀྱིས་སུན་སྣང་ཅི་ཡང་མེད་པར་གནམ་གཤིས་འཁྱག་དུས་གོན་པ་དྲོན་པོ་གྱོན་རྒྱུ་དང་ལྟོགས་ན་ཟ་མ་བཟའ་རྒྱུ་མ་བརྗེད་ཅེས་དྲན་སྐུལ་བྱེད། ད་དུང་ཁ་ཏ་སློབ་གསོ་བཏང་ནས་མི་བུ་ཞིག་ཡིན་ན་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་བྱ་དགོས་གསུངས་པར་མ་ཟད། དྲིན་ཆེན་ལ་དྲིན་ལན་འཇལ་མཁན་ཞིག་བྱ་དགོས་ཞེས་ཡང་ཡང་གསུངས། ཡིན་ན་ཡང་། ང་ཚོའི་སེམས་སུ་འདི་ནི་ཕ་མས་སྒྲུབ་འོས་པ་ཞིག་ཏུ་འདོད་པ་རེད། འོན་ཀྱང་། ང་ཚོ་སུས་ཀྱང་ཁོ་ཚོའི་སེམས་ཁྲལ་དང་བསམ་པ་མི་རྟོགས་པའི་ཁར། སློབ་གྲྭ་ནས་སློབ་སྦྱོང་བཟང་བོ་མི་བྱེད་པ་དང་སློབ་ཐུན་སྐབས་སུ་གཉིད་ཡོང་བ། སེམས་པ་གང་སར་གཡེངས་ནས་སློབ་ཁྲིད་ལ་ཡག་པོ་མི་ཉན་པ། དེ་དག་ནི་ང་ཚོས་ཕ་མར་འཇལ་བའི་དྲིན་ལན་ཡིན་ནམ།

ཕ་མས་ང་ཚོའི་རྒྱབ་གོས་དང་མ་འོངས་པའི་ཆེད་དུ་དཀའ་སྡུག་དང་དཀའ་ཁག་ཅི་འདྲར་འཕྲད་པ་ཁྱེད་ཀྱིས་ཤེས་སམ། ང་ཚོས་བཟང་ལན་བཟང་དང་དྲིན་ལ་དྲིན་གཟོ་མེད་པའི་མི་ངན་ཞིག་བྱེད་ག་ལ་རུང་། ང་ཚོས་མཉམ་དུ་སློབ་སྦྱོང་གི་སྤང་ཐང་འདི་ནས་ཞུམ་མེད་ཀྱི་སྤོབས་པ་བསྐྱེད་ནས། སློབ་གཉེར་གྱི་གོམ་ཁ་མི་ལྷོད་པར་མདུན་ནས་མདུན་དུ་བསྐྱོད་དེ་སློབ་སྦྱོང་ལ་དཀའ་བ་སྤྱད་རྒྱུ་ནི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བ་རེད། སྙིང་ཉེ་བའི་སློབ་གྲོགས་ཚོ།།

  • ལེ་ཚན་སྔོན་མ།:སེམས་ཁྲལ་ལྷག་མ་ཞིག་མཆེད་སོང་།
  • ལེ་ཚན་རྗེས་མ།:སྐར་གྲངས།