སྙན་ངག་ལྟ་བུའི་ཁྱོད་རང་།

རྩམ་པ།        2020-04-29

གཡའ་དག་པའི་སྟོན་མཇུག་གི་དུས་ཚིགས་དེར་ཁྱོད་དང་ང་གཉིས་ཕན་ཚུན་ངོ་ཤེས་སུ་གྱུར། དུས་དེ་ནས་བཟུང་། འུ་གཉིས་ཁོ་ན་ལ་དབང་བའི་ཁོད་ཡངས་པའི་འཇིག་རྟེན་གྱི་ཕང་ན། བརྩེ་དུངས་ཀྱིས་བཏབ་པའི་སྙན་ངག་གི་ཡིག་འབྲུ་དག་ཉི་འོད་ཀྱི་ཀློང་ན་ལྟེམ་མེར་བསྐྱིལ་འདུག་ཅིང་། སྙན་ངག་གི་ཡིག་འབྲུ་རེ་རེས་འུ་གཉིས་ཀྱི་བར་ཐག་གླེང་གིན་འདུག ད་དུང་ཕན་ཚུན་གྱིས་མཐོང་མི་ཐུབ་པའི་ངོ་གདོང་དང་འདང་བརྩེ་བརྗོད་ཀྱིན་འདུག་པས། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་དྭངས་གསལ་ཞིག་རིམ་གྱིས་མངོན་ཡོང་། ཆོས་ཉིད་དེའི་དབང་གིས། ཁྱེད་ཀྱིས་སྙན་ངག་གི་མངལ་དུ་སྦྲུམ་པའི་ཁོ་བོ་གསལ་པོ་མཐོང་ཐུབ་ཅིང་། ད་དུང་ཁོ་བོས་སྙན་ངག་ལ་བཞག་པའི་བག་ཆགས་ཀྱང་མཐོང་ཐུབ་བོ།།

ངས་ཡིད་དུ་འོང་བའི་མཚན་ལྗོངས་རེ་རེའི་དཔེ་ཀློག་གི་ཁྲོད་ནས་ཁྱོད་ཀྱི་ཤེས་རབ་འཚོལ་གྱི་ཡོད། དཀར་པོ་དང་། དམར་པོ། སེར་པོ། ལྗང་གུ། སྔོན་པོ་སྟེ་ཁ་དོག་སྣ་ལྔ་དང་ལྡན་པའི་ཤེས་རབ་མཚོལ་གྱི་ཡོད། ཁོ་བོ་ཁྱེད་ཀྱི་ཤེས་རབ་དང་བརྩེ་དུང་ཇི་བཞིན་མཐོང་ཐུབ་པའི་ང་རྒྱལ་གྱིས་ཁེངས། ང་རྒྱལ་དེའི་དབང་གིས་བདག་ལ་སྤྲོ་སྣང་ཚད་མེད་ཅིག་སྦྱིན་ཡོང་། ཤེས་རབ་ཀྱི་སྨག་ལ་ཞ་བའི་ལོང་བའི་ཁྱུ་རྣམས་ཀྱིས་ཁྱེད་རང་མཐོང་ཐུབ་པའི་གོ་སྐབས་མེད་ངས་སྔར་ནས་ཤེས་ཡོད། རྒྱུ་མཚན་དེའི་ཕྱིར་ན་ངས་རྒྱང་རིང་ལ་རྣ་བ་བླག་གིན་བླག་གིན་ཁྱོད་ཀྱི་ནར་སོན་གྱི་ལོ་ཟླའི་ཁྲོད་ནས་འགག་མ་མྱོང་བའི་གླུ་སྐད་ལ་ཡུན་གྱིས་ཉན་པས། ངས་རང་ཉིད་ཤེས་རབ་ཅན་ཞིག་ཡིན་པའི་ངེས་ཤེས་བརྟན་པོར་རྙེད།

ཁུ་སིམ་སིམ་གྱི་མཛེས་སྡུག་ལྡན་པའི་མཚན་མོ་འདི་དག་གི་རིང་ལ། ངས་མངོན་བརྗིད་ཆེ་བའི་གངས་རི་དང་མཐའ་ཡས་པའི་རྩྭ་ཐང་གཞན་རྟ་ནོར་ལུག་གསུམ་སོགས་ཅི་ཡང་མཐོང་མི་ཐུབ་མོད། ཁྱེད་ཉིད་དུས་རྟག་པར་མཐོང་ཐུབ་ཅིང་། ཁྱེད་ཀྱི་ལང་ཚོ་དང་ཤེས་རབ་སོགས་གསལ་བར་མཐོང་ཐུབ། མཚན་མོ་འདི་དག་གི་རིང་ལ་ཁྱེད་རང་གསལ་བར་མཐོང་ཐུབ་པའི་དབང་གིས་སྙན་ངག་བྲི་འདོད་ཀྱི་ཚོར་བས་མིད་པ་ཡང་ཡང་བརྣངས་འགྲོ། དེའི་དབང་གིས་ཁྱེད་ཀྱི་མཛེས་སྡུག་དང་གཤིས་ཀ། སྒྱུ་རྩལ། ཤེས་ཡོན། ཐ་ན་སྙན་ངག་ལ་བཅང་བའི་བརྩེ་བ་སོགས་ཀྱང་བྲིས། མཚན་མོ་དེ་དག་ནི་ང་ལ་མཚོན་ན་སྙན་ངག་གི་གཤོག་པ་བརྐྱང་སའི་མཚན་མོ་ཡིན། ལྷིང་འཇགས་ཀྱི་ཁུད་དུ་འཚེར་བའི་བརྩེ་དུངས་ཀྱི་མཚན་མོ་དང་། སྒྱུ་རྩལ་གྱི་རྨི་ལམ་རྨིས་སའི་ཡིད་དུ་འོང་བའི་མཚན་མོ་ཞིག་ཀྱང་ཡིན་ནོ།།

དཔྱིད་ཟླ་མགོ་མའི་བསིལ་རླུང་གིས་གཅུས་པའི་རང་ཉིད་རོལ་དབྱངས་མེད་པའི་དཔེ་ཁང་ཞིག་ཏུ་ཁྱོད་ཁོ་ན་བརྗོད་བྱ་བྱས་པའི་སྙན་ངག་མང་པོ་ཞིག་འབྲི་བཞིན། དྲོད་ལམ་ལམ་གྱིས་ཁྱབ་པའི་ལྕགས་ཐབ་ཅིག་གི་ཟུར་དུ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་འཁྱུད་པའི་དྭངས་གཙང་གི་བརྩེ་དུང་དང་། སྐྱིད་ཆུ་རིང་མོའི་བཞུར་རྒྱུན་ལ་ཐིམ་པའི་ཡིད་འོང་གི་ཕྱི་ཐག་སོགས་འབྲི་འདོད་ཀྱིས་སྨྱུག་ཁ་འགུལ་བཞིན་མཚན་ཕྱེད་ཙམ་ཡོལ་འགྲོ། ཁུ་སིམ་མེ་ཡི་མཚན་མོ་དག་ཏུ་རྣ་བ་སྒེའུ་ཁུང་ལས་ཕྱི་རོལ་ཏུ་བླགས་པས་རླུང་བུ་འཇམ་པོ་དག་དལ་གྱིས་ལྡང་བའི་ཀློང་དུ་ལོ་མ་རྣམས་ཤག་ཤག་གིས་ཐོར་ཐེངས་རེར། རྒྱང་རིང་རྒྱང་རིང་དུ་འཚོ་བའི་སྙིང་ཉེ་བའི་ངོ་གདོང་དག་དྲན་ཡོང་ཞིང་། ངོ་གདོང་དེའི་རྒྱབ་ནས་སེམས་ཁྲལ་གྱིས་ཟིན་པའི་མ་འོངས་པ་སོགས་རིམ་གྱིས་དྲན་ཡོང་།

ལོ་ཟླའི་སྒང་གཤོང་གི་ཁྲོད་ནས་ཁྱེད་ལ་གཅེས་ཕྲུག་ནང་བཞིན་གྱིས་སེམས་པ་གླན་ཞིང་། དྭངས་གཙང་གི་བརྩེ་བས་གཉོར་ཞིང་འཚོ་བ་ལ་ནེམ་དང་ཁ་དོག་བགོ་བའི་དྭངས་གསལ་གྱི་སྙན་ངག་ཅིག་འབུལ།

གཏན་གྱི་འདུན་མར་ཕེབས་པའི་ཚེ་སྲོག་ལྟ་བུའི་ཁྱེད་རང་། ངའི་བློ་སྙིང་བྲང་གསུམ་གྱི་ཚོར་བའི་རྒྱུད་སྐུད་ལས་ཐོར་བའི་དབྱངས་ཀྱི་མཛེས་སྡུག། བདག་གི་སྙན་ངག་ལ་ཐིམ་པའི་ཁྱོད་རང་སྙན་ངག་གི་ཁྲོད་དུ་དུས་གཏན་དུ་གསོན་པར་གྱིས་ཤིག་ཨང་།

  • ལེ་ཚན་སྔོན་མ།:བསྐྱུར་ཞོག
  • ལེ་ཚན་རྗེས་མ།:ཁྱོད་དང་མཉམ་དུ་བོད་ལྗོངས་བསྐོར་ན་བསམ།